ཟླ་བཅུ་བའི་ཚེས་བཅུའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་བའི་དམངས་ཕན་ཁ་གསབ་མ་དངུལ་ཁག་བརྒྱ་དང་བཅོ་ལྔ་སྨན་བཅོས་འགན་བཅོལ་གྱི“གཅིག་སྤྱོད་བྱང་བུ”བརྒྱུད་དེ་མང་ཚོགས་ལ་བྱིན་པ་དང་། རིམ་རྩིས་བྱས་ན་རིགས་མི་འདྲ་བའི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ལྷག་ཙམ་བྱིན་པ་རེད།
དམངས་ལ་ཕན་པའི་ཁ་གསབ་མ་དངུལ་གྱི“གཅིག་སྤྱོད་བྱང་བུ”ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཁ་གསབ་མ་དངུལ་སྤྲད་དེ་འབྲེལ་ཡོད་དངུལ་ཁང་དང་འབྲེལ་མཐུད་བྱས་པ་བརྒྱུད། ཁ་གསབ་ལོངས་སྤྱོད་བྱེད་མཁན་གྱིས་བྱང་བུ་བཟུང་བའི་གནས་ཚུལ་དང་དངུལ་རྩའི་ནུས་པ་ནུས་སློང་བྱས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། གྲོང་གསེབ་དང་སྡེ་ཁུལ་དུ་སོང་ནས་བྱང་བུ་བཀོལ་སྤྱོད་བྱེད་མཁན་ལ་དངུལ་བྱང་ནུས་སློང་དང་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། སྨན་བཅོས་འགན་བཅོལ་བྱང་བུ་སྤྱོད་ཚད་དང་དངུལ་རྩའི་ནུས་པ་ནུས་སློང་བྱེད་ཚད་མཐོ་རུ་བཏང་། ད་ལྟ་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་དང་། རྩྭའི་ཁ་གསབ། དམིགས་བསལ་དཀའ་ངལ་ཅན་གྱི་ཁ་གསབ། དབུལ་ཕོངས་སློབ་ཆེན་སློབ་མའི་ཁ་གསབ། གནས་སྐབས་ལས་ཞུགས་གླ་ཕོགས་སོགས་དམངས་ཕན་ཞིང་ཕན་གྱི་ཁ་གསབ་ཡོད་ཚད་སྨན་བཅོས་འགན་བཅོལ་བྱང་བུ་བརྒྱུད་དེ་གཏོང་སྤྲོད་བྱས་ནས། སྨན་བཅོས་འགན་བཅོལ་བྱང་བུ“གཅིག་སྤྱོད་བྱང་བུ”ཡིས་དམངས་ཀྱི་འཚོ་བར་ཁེ་ཕན་དང་། སྟབས་བདེ་བཅས་བསྐྲུན་ཡོད་པ་རེད། །
རྩོམ་སྒྲིག་པ། འབྲུག་མོ།