ཐུམ་འབུའི་ནད་ཀྱི་ཤེས་བྱ་མདོར་བསྡུས།
2020.10.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 2

ཐུམ་འབུའི་ནད་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པ་ཤིན་ཏུ་ཆེ་བའི་གཞན་རྟེན་སྲིན་འབུའི་ནད་རིགས་ཤིག་ཡིན་པ་དང་། དེ་མི་དང་ནོར་ལུག་སོགས་སྒོ་ཕྱུགས་ལ་འབྱུང་བ་ཡིན།

ཐུམ་པའི་ནད་བྱུང་རྗེས། ཐུམ་སྐྲན་གྱི་འཁྲི་སྐྱེས་འབྱུང་སའི་གནས་དང་ཆེ་ཆུང་། གྲངས་ཚད་དང་ངོ་བོ་བཅས་མི་འདྲ་བ་ལྟར་དེ་དག་གི་ནད་རྟགས་ཀྱང་མི་འདྲ་བ་ཡིན། སྤྱིར་བཏང་དུ་མཆིན་པའི་ཐུམ་སྐྲན་དང་གློ་བའི་ཐུམ་སྐྲན་གྱི་འབྱུང་ཚད་ཆེས་མཐོ། མཆིན་པའི་ཐུམ་སྐྲན་དང་གསུས་ཁོག་ཐུམ་སྐྲན་གྱི་ནད་རྟགས་ནི། ཕོ་བ་སྦོས་ཤིང་མི་བདེ་བ་དང་ཤ་སྐམ་ཞིང་ཡི་ག་མེད་པ་སོགས་འབྱུང་། གློ་བའི་ཐུམ་སྐྲན་གྱི་ནད་རྟགས་གཙོ་བོ་ནི། བྲང་ཁའི་གནས་སུ་ན་བའམ་མི་བདེ་བ་འབྱུང་བ་དང་། གློ་བའི་སྲིན་སྐྲན་ཆེ་བས་གློ་ཡུའི་ཡན་ལག་ལ་བཙིར་གནོན་ཐེབས་སུ་བཅུག་པ་ལས་སྐམ་ལུ་བྱེད་ཅིང་། གློ་བའི་ཕུང་གྲུབ་མནན་པ་ལས་སྙིང་ཁམས་མི་བདེ་བ་འབྱུང་། དེ་ལས་གཞན་ཀླད་པ་དང་མཁལ་མ། སྙིང་བཅས་ཀྱི་གནས་སུ་ཐུམ་སྐྲན་བྱུང་ཚེ་དེ་ལས་ཀྱང་ཚབས་ཆེ།

མི་ལ་ཐུམ་འབུའི་ནད་ཇི་ལྟར་འགོས་པ་ཡིན་ནམ།

མི་དང་ནོར་ལུག་སོགས་ལ་ཐུམ་འབུའི་ནད་འགོ་སླ་སྟེ། ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དང་ལྷག་པར་དུ་འགོས་མཆེད་ཚབས་ཆེ་བའི་ས་ཁུལ་དུ་ནམ་རྒྱུན་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་སྒོང་གིས་བརྫད་སྐྱོན་བཟོས་ནས་ཐུམ་འབུའི་ནད་བགོ་སྲིད། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་སྒོང་ནི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་ཆེ་བས་ཕྱིར་བཏང་བའི་སྒོ་ང་ཡིན། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་ཆེ་བ་དེ་ཁྱི་དང་སྤྱང་ཀི ཝ་སོགས་ཤ་གཟན་སྲོག་ཆགས་ཀྱི་རྒྱུ་མའི་ནང་དུ་གནས་ཡོང་ཅིང་། ཚད་ངེས་ཅན་ཞིག་འགོར་རྗེས། སྲོག་ཆགས་དེ་དག་གིས་བྲུན་དང་མཉམ་དུ་ཕྱིར་ཕུད་པའི་འབུ་སྒོང་མང་པོ་དེས་ཁོར་ཡུག་ལ་བརྫད་སྐྱོན་བཏང་བ་རེད། ནོར་ལུགས་སོགས་རྩ་གཟན་སྲོག་ཆགས་ཀྱིས་རྩྭ་ཟ་སྐབས་དང་ཆུ་འཐུང་སྐབས། འབུ་སྒོང་གིས་བརྫད་སྐྱོན་ཐེབས་པའི་རྩྭ་དང་ཆུ་སོགས་འཐུང་ནས་ནད་དེ་འགོས་པ་རེད། ང་ཚོ་མིའི་རིགས་ཀྱིས་ཀྱང་འབུ་སྒོང་གིས་བརྫད་སྐྱོན་ཐེབས་པའི་ཆུ་དང་ཟས་རིགས་ཟོས་པའམ་ཡང་ན་ཁྱི་དང་རི་སྐྱེས་སྲོག་ཆགས་སོགས་ལ་རེག་ཐུག་བྱས་པ་ལག་པ་བརྒྱུད་ནས་ནད་དེ་འགོས་པ་རེད།

ཐུམ་འབུའི་སྣོད་སྐྲངས་བྱུང་བའི་སྒོ་ཕྱུགས་ཀྱི་ནང་ཁྲོལ་རྣམས་ཇི་ལྟར་ཐག་གཅོད་བྱེད་དགོས།

ཐུམ་འབུའི་སྣོད་སྐྲངས་བྱུང་བའི་སྒོ་ཕྱུགས་ཀྱི་ནང་ཁྲོལ་དེ་ཁྱི་སོགས་ཀྱིས་ཟོས་རྗེས་དེ་དག་ནི་ནད་དེའི་མཆེད་ཁུངས་གཙོ་བོར་གྱུར་བ་རེད། ནད་འབུ་དེ་ཁྱིའི་ཁོག་པའི་ནང་དུ་གནས་ཤིང་། ནད་འབུའི་འབུ་ཕྲུག་མང་པོ་ཁྱི་སྐྱག་ལས་ཕྱིར་ཕུད་དེ་གང་སར་མཆེད་དུ་བཅུག་པ་རེད། དེ་བས་བཤས་རར་དོ་དམ་ནན་མོ་བྱས་ནས། ཐུམ་འབུའི་ནད་ཡོད་པའི་སྒོ་ཕྱུགས་ཀྱི་ནང་ཁྲོལ་དེ་གང་འདོད་དུ་འདོར་བའམ་ཁྱི་ལ་སྟེར་བ་སོགས་མི་བྱེད་པར་ས་འོག་ཏུ་སྦས་བ་སོགས་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

1.བཤས་རའི་སྡེ་ཁག་སོ་སོས་རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་གི་འཕྲོད་བསྟེན་ལྟ་སྐུལ་དང་ལེན་བྱས་ཏེ། ཐུམ་འབུའི་ནད་བྱུང་ཡོད་པའི་སྲོག་ཆགས་ཀྱི་ནང་ཁྲོལ་ཡོད་ཚད་ས་འོག་ཏུ་སྦས་པའམ་མེར་བསྲེགས་པ་བཅས་བྱས་ནས་ཐག་གཅོད་བྱེད་དགོས།

2.ཐར་ཐོར་དུ་སྡོད་པའི་ཁྱིམ་ཚང་གིས་ཐུམ་འབུའི་ནད་བྱུང་ཡོད་པའི་ནོར་ལུག་གི་ནང་ཁྲོལ་རྣམས་ས་འོག་ཏུ་སྦས་པའམ་མེར་བསྲེགས་པ་དང་ཡང་ན་བཙོས་ནས་ཚོས་ཐག་ཆོད་རྗེས་མ་གཏོགས་ཁྱི་ལ་སྟེར་མི་རུང་།

3.ནད་ཀྱིས་ཤི་བའི་ཕྱུགས་ཟོག་གི་ཤ་དེ་མ་ཐག་ས་འོག་ཏུ་སྦས་པ་ལས་ཁྱི་སོགས་ལ་སྟེར་མི་རུང་།

སྒོ་ཁྱིའི་ཁོག་གི་ཚེར་ཟླུམ་འབུ་ཕྲུག་ལ་ཞིབ་དཔྱད་ཚད་ལེན་དང་གཙང་སེལ་བྱེད་དགོས།

དུས་ལྟར་སྒོ་ཁྱིའི་ཁོག་གི་འབུ་འདེད་པའི་གསོ་བཅོས་བྱེད་དགོས་ལ། དེ་ལྟར་མ་བྱས་པའི་སྒོ་ཁྱིའི་ཁྱི་སྐྱག་དུས་ཐོག་ཏུ་ས་འོག་ཏུ་སྦས་པའམ་མེར་བསྲེགས་དགོས་པ་དང་། སྒོ་ཁྱི་འདོགས་སའི་གནས་ཀྱི་ཉེ་འཁོར་དུ་རྒྱུན་པར་རྡོ་ཐལ་གཏོར་ནས་གཙང་སེལ་བྱེད་དགོས། སྒོ་ཁྱིའི་ཁོག་གི་འབུ་དེད་རྗེས་ཀྱི་ཉིན་གསུམ་ནང་ངེས་པར་དུ་ཁྱི་སྐྱག་ས་འོག་ཏུ་སྦས་པའམ་མེར་བསྲེགས་ནས་གང་སར་ཁྱབ་ཏུ་འཇུག་མི་རུང་།

ཐུམ་འབུའི་ནད་དེ་ཇི་ལྟར་གསོ་བཅོས་བྱེད་དགོས།

ཐུམ་འབུའི་ནད་དེ་མིའི་ལུས་སྟེང་དུ་འཕེལ་ཚད་ཅུང་དལ་བ་ཡིན། སྤྱིར་བཏང་དུ་ཐུམ་འབུའི་ནད་འགོས་ནས་ལོ་ལྔ་ནས་ཉི་ཤུ་ཙམ་འགོར་རྗེས་ད་གཟོད་ནད་རྟགས་ཕྱིར་མངོན་པ་ཡིན། ཐུམ་འབུའི་ནད་དེར་ཐོག་མའི་མངོན་རྟགས་ཅི་ཡང་མེད་ཅིང་། མངོན་རྟགས་ལྷང་ལ་བུད་ནས་སྨན་ཁང་དུ་འགྲོ་དུས་ཧ་ལམ་ནད་བབ་མཐའ་མའི་དུས་སུ་ཐོན་ཟིན་པས་གསོ་བཅོས་ཀྱི་གོ་སྐབས་ལེགས་པོ་འཆོར་ཡོད་པ་རེད། ཐུམ་འབུའི་ནད་གསོ་བཅོས་བྱེད་པར་གཤགས་བཅོས་དང་སྨན་རྫས་ལ་བསྟེན་དགོས། གསོ་བཅོས་བྱེད་ཐབས་དེ་ཐུམ་སྐྲན་གྱི་ནད་འགྱུར་འབྱུང་སའི་གནས་དང་ཆེ་ཆུང་། གྲངས་ཚད་དང་ངོ་བོ་ལྟར་ཐག་གཅོད་དགོས། དེར་བརྟེན། སྔ་མོ་ནས་བརྟག་དཔྱད་དང་། སྔ་མོ་གནས་ངོས་འཛིན་དང་གསོ་བཅོས་བྱེད་པ། དུས་ལྟར་བསྐྱར་ཞིབ་བཅས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།

ཕྱི་ནད་ཚན་ཁག་གིས་གཤགས་བཅོས་བྱེད་པ་དེ་མིག་སྔར་ཐུམ་འབུའི་ནད་གསོ་བཅོས་བྱེད་པའི་ཐོག་མའི་བྱེད་ཐབས་ཡིན་ཞིང་། བྱེད་ཐབས་དེ་གཙོ་བོར་ཐུམ་འབུའི་སྣོད་སྐྲངས་ཅུང་ཆེ་ཞིང་། ནད་ཐོག་གི་མངོན་རྟགས་གསལ་བོ་ཡིན་པའི་ནད་པར་སྤྱད་ན་ཆེས་འཚམས་པ་ཡིན། དེ་མིན་ཐུམ་འབུའི་སྣོད་སྐྲངས་ཅུང་ཆུང་ཞིང་གཤགས་བཅོས་བྱེད་མི་ཐུབ་པའི་ནད་པ་དང་། གཤགས་བཅོས་བྱས་ཟིན་པའི་ནད་པ། གཙགས་རྟོལ་གྱི་བཅོས་ཐབས་བཅས་ལ་སྨན་རྫས་བཀོལ་ནས་གསོ་བཅོས་བྱེད་དགོས། དེར་བརྟེན། ཐུམ་འབུའི་ནད་གསོ་བཅོས་བྱེད་པར་ཕྱི་ནད་ཚན་ཁག་གི་གསོ་བཅོས་བྱེད་ཐབས་དང་སྨན་རྫས་ཀྱི་གསོ་བཅོས་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་ན་ཆེས་ལེགས་པར་མ་ཟད། དུས་ལྟར་ཞིབ་བཤེར་བྱས་ནས་གསོ་བཅོས་བྱས་ན་ཕན་ཐོགས་ཆེན་པོ་ཡོད། །

ལོ་ཙཱ་བ། འབྲུག་མོ།