སེམས་པ་ལྷོད་ལ་བབས་ནས་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་དགོས།
2020.12.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

དེང་གི་དུས་འདིར་སློབ་གྲོགས་རེ་འགས་མི་ཚེ་ལ་སྙིང་པོ་མི་འདུག་ཨང་། ཅི་འདྲའི་སུན་སྣང་ཆེ་བ་ལ། སློབ་སྦྱོང་བྱེད་འདོད་མི་འདུག་ཅེས་པ་ལ་སོགས་པའི་སྐྱོ་སྣང་བག་འཁུམས་ཀྱི་སྐད་ཆ་བཤད་པ་ཐོས་ཡོང་ལ། རྒྱུན་པར་བརྙན་འཕྲིན་དང་ཚགས་པར་ལས་ཀྱང་སློབ་འབྲིང་སློབ་མས་སློབ་སྦྱོང་གི་གནོན་ཤུགས་མ་བཟོད་པར་རང་སྲོག་གཅོད་པ་མཐོང་རྒྱུ་འདུག དེ་ལས་ཀྱང་འཇིགས་སུ་རུང་བ་ནི་སློབ་མ་ལ་ལ་ཞིག་གིས་སློབ་ཁྲིད་སྐབས་སུ་དགེ་རྒན་དང་ཡང་ན་སློབ་གྲོགས་ལ་གྲིས་བསྣུན་པའི་གནས་ཚུལ་འབྱུང་བཞིན་པ་དེ་རེད། ལང་ཚོ་དར་ལ་བབས་པའི་ང་ཚོར་སེམས་ཁམས་ལ་འགྱུར་བ་ཐེབས་པའི་དུས་མཚམས་ཤིག་ཡོད་ངེས་ཏེ། དེ་དུས་གང་ཡིན་ཆ་མ་འཚལ་བར་སེམས་ཕམ་ཞིང་ཡིད་ཆད་པར་འགྱུར་སྲིད།

གཞོན་པའི་དུས་སྐབས་ནི་སེམས་ཁམས་འཚར་ལོངས་འབྱུང་བའི་སྐབས་ཀྱི“དུས་སྐབས་ཚབས་ཆེན”དང“ཉེན་ཁ་ཆེ་བའི་དུས་སྐབས”ཤིག་ཡིན། སྐབས་དེར་སེམས་ཁམས་ལ་ཐལ་དྲགས་པ་དང་གཡོ་འགུལ་ཆེ་བ། བར་ཁྱད་ཆེ་བ་དང་འདང་མི་ཕོག་པ། གཞན་རྐྱེན་ཐེབས་སླ་བ། ཧོལ་རྒྱུག་དང་ཐོལ་བྱུང་གི་གནས་ཚུལ་མང་པོ་ཐོན་པ་ཡིན།

ཨ་རིའི་མེ་ཞེ་ཀེན་སློབ་ཆེན་གྱི་སེམས་ཁམས་རིག་པ་བ་ནན་ཏི•ནེའེ་སེན་གྱིས་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། མི་ཕལ་པ་ཞིག་གི་མི་ཚེ་གང་པོའི་དུས་ཚོད3/10ཙམ་སེམས་ཁམས་མི་སྐྱིད་པར་གནས་ཡོད་ལ། སྐྱོ་སྣང་གི་སེམས་ཁམས་ཀྱིས་མིའི་བདེ་ཐང་ལ་གནོད་འཚེ་ཐེབས་ཀྱིན་ཡོད། དེས་མིའི་ལུས་སྟོབས་དང་སེམས་ཤུགས་ཉམས་པར་བྱེད་པས། མི་དེ་བྱ་འགུལ་ལ་ཞུགས་སྐབས་ཐང་ཆད་སླ་བར་མ་ཟད། ལུས་ཤུགས་ཉམས་ནས་བྱ་བ་གང་ལའང་སྤྲོ་བ་མེད་པ་དང་། བློ་རིག་མི་གསལ་བ་དང་རྣམ་དཔྱོད་ཀྱི་རྩལ་ཉམས་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་། དུས་མཉམ་དུ་སྐྱོ་སྣང་གིས་མིའི་རང་གཅུན་ནུས་པ་ཇེ་དམའ་རུ་བཏང་སྟེ། དོན་རྐྱེན་དང་འཕྲད་ཚེ་ཧོལ་རྒྱུག་བྱེད་སླ་བ་དང་། ཤེས་པ་རྣལ་དུ་གནས་མི་ཐུབ་པས་རྒྱུན་དུ་རང་ཉིད་ཕྱིས་སུ་འགྱོད་པ་སྐྱེ་བར་འགྱུར་བའི་དོན་དག་བསྒྲུབ་སྲིད།

ཧར་ཝར་ངྷི་སློབ་ཆེན་གྱིས་སྔོན་ཆད་སྙིང་ནད་ཕོག་པའི་མི1600ལ་བརྟག་དཔྱད་བྱས་པ་ལྟར་ན། ཁོ་ཚོར་སེམས་འཚིག་པ་དང་ཡི་མུག་པ། ཁོང་ཁྲོ་ལངས་པ་སོགས་ཀྱི་སྣང་ཚུལ་འབྱུང་ཚད་མི་དཀྱུས་མ་ལས་ལྡབ3ཙམ་གྱིས་མཐོ་བ་རེད། དེ་བས་ང་ཚོས་ཐབས་བཀོད་འཐེན་ནས་རང་ཉིད་ཀྱི་སེམས་ཁམས་སྙོམ་སྒྲིག་བྱས་ཏེ་ཁོང་ཁྲོ་ལངས་ཚད་ཇེ་ཉུང་དུ་གཏོང་དགོས།

སེམས་ཁམས་མི་སྐྱིད་པའི་སྐབས་སུ། ང་ཚོས་རང་ཉིད་སེམས་ཁམས་ཀྱི་བྲན་གཡོག་ཏུ་མི་འགྱུར་བར་འབད་དགོས་ལ། སེམས་ཁམས་མི་ལེགས་པ་ཡིས་ང་ཚོའི་འཚོ་བར་ཁ་ལོ་བསྒྱུར་དུ་འཇུག་མི་རུང་།

སྔོན་ཆད་ཁོང་ཁྲོ་ལངས་སླ་བའི་བུ་ཆུང་ཞིག་ཡོད་དེ། དེ་ནི་རང་གཤིས་ཧ་ཅང་གྱོང་པོ་ཅན་ཞིག་རེད། ཁོའི་རང་གཤིས་གྱོང་པོ་དེ་འདུལ་ཆེད། ཨ་ཕས་འཛེར་མ་ཁུག་མ་གང་ཁོའི་ལག་ཏུ་སྤྲད་དེ། ཁོང་ཁྲོ་ལངས་ཐེངས་རེ་དང་ཡང་ན་མི་གཞན་ལ་ཁ་འཛིང་བྱས་ཐེངས་རེར། ཁྱིམ་གྱི་རིབ་མའི་ངོས་སུ་འཛེར་མ་རེ་གདབ་དགོས་པར་བཤད།

ཉིན་དང་པོར། བུ་ཆུང་དེས་རིབ་མའི་ངོས་སུ་འཛེར་མ40གདབ་པ་དང་། དེ་ནས་ཉིན་འགའ་འགོར་རྗེས། ཁོས་རིམ་གྱིས་རང་གི་སེམས་ཁམས་ལ་ཚོད་འཛིན་བྱེད་ཤེས་པར་གྱུར་པས། ཉིན་རེར་བཏབ་པའི་འཛེར་མའང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། དོན་དེའི་བརྒྱུད་རིམ་ཁྲོད་ཁོས་རང་ཉིད་ཀྱི་གཤིས་ཀར་ཚོད་འཛིན་བྱེད་རྒྱུ་ནི་རིབ་མའི་ངོས་སུ་འཛེར་མ་གདབ་པ་ལས་སླ་བ་ཤེས།

ཁོས་དགའ་སྤྲོའི་ངང་གནས་ཚུལ་དེ་ཨ་ཕར་བཤད་སྐབས། ཨ་ཕས་ཀྱང་སྤྲོ་བའི་སྒོ་ནས་བུ་ཆུང་ལ“དེ་རིང་ནས་བཟུང་། ཁྱོད་ཀྱིས་རང་གི་གཤིས་ཀར་ཚོད་འཛིན་བྱེད་ཐུབ་ཐེངས་རེར། འཛེར་མ་རེ་རེ་བཞིན་ཕྱིར་བོལ་ཅིག”ཅེས་བཤད།

ལོ་ཟླ་ནི་ཉིན་རེ་བཞིན་འདས་སོང་། མཇུག་མཐར་རིབ་མའི་ངོས་ཀྱི་འཛེར་མ་བལ་ཚར་བ་རེད། ཨ་ཕས་ཁོའི་ལག་པར་འཇུས་ནས་ཁྱིམ་དུ་སོང་སྟེ།“བུ་ཆུང་ལགས། ཁྱོད་ཀྱིས་བསྒྲུབས་པ་ཧ་ཅང་བཟང་། འོན་ཀྱང་རིབ་མའི་ངོས་ཀྱི་ཁུང་བུ་འདི་དག་ལ་ལྟོས་དང་། ཁུང་བུ་འདི་དག་ནི་རིབ་མོའི་ངོས་སུ་ཇི་སྲིད་བར་དུ་གནས་ངེས་པ་རེད། ཁྱོད་རང་ཁྲོ་ཐོག་ནས་བཤད་པའི་སྐད་ཆ་དེ་དག་གིས་ཀྱང་འཛེར་མ་རེ་རེ་བཞིན་ག་ས་གང་དུ་རྨས་ཤུལ་བཞག་ཡོད་པས་ནམ་ཡང་གསུབ་ཐབས་བྲལ་བའི་རྨ་ཁ་རེ་རེར་གྱུར་ཡོད”ཅེས་བཤད། དེ་ནས་བཟུང་བུ་ཆུང་དེས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་བྱེད་ཤེས་པ་ནི་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་གཞི་ནས་རྟོགས་སོང་།

གཏམ་རྒྱུད་ཁྲོད་ཀྱི་བུ་ཆུང་དེ་རང་ཉིད་ཀྱི་སེམས་ཁམས་མི་ལེགས་པ་དེའི་བྲན་གཡོག་ཏུ་མ་གྱུར་བར། རིབ་མའི་ངོས་སུ་འཛེར་མ་གདབ་པའི་ཐབས་ལ་བརྟེན་ནས་སེམས་ཁམས་མི་ལེགས་པ་དེ་ལས་རྣམ་པར་རྒྱལ་བར་མ་ཟད། སེམས་ཁམས་ལ་ཚོད་འཛིན་བྱེད་པའི་གལ་ཆེན་རང་བཞིན་རྟོགས།

དེ་བཞིན་དུ་ཧར་ཝར་ངྷི་སློབ་ཆེན་གྱི་མཁས་མཆོག་དག་གིས་ཀྱང་འཚོ་བའི་ཁྲོད་ཀྱི་ལས་དོན་ཕྲན་ཚེགས་ཙམ་གྱིས་རང་ཉིད་ལ་སུན་པོ་མི་བཟོ་བར། ཁོ་ཚོས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་ཐུབ་པའི་དབང་གིས་རྒྱལ་ཁའང་ཐོབ་པ་རེད། དེ་བས་རྒྱལ་ཁའི་བཀག་རྡོ་ཆེས་ཆེ་བ་ནི་གོ་སྐབས་མེད་པ་དེ་མ་ཡིན་ལ། བསླབ་པ་ཆུང་བའི་རྐྱེན་ཡང་མ་ཡིན་པར་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་མ་ཐུབ་པ་དེ་རེད།

གནས་ཚུལ་དེ་ཤེས་རྗེས། ང་ཚོས་རང་ཉིད་ལ་སེམས་ཁམས་མི་ལེགས་པ་འབྱུང་བའི་སྐབས་སུ། ཁོང་ཁྲོ་ལ་ཚོད་འཛིན་བྱེད་པ་དང་། སྤོབས་སེམས་ཉམས་པའི་སྐབས་སུ་རང་ཉིད་ལ་སེམས་ཤུགས་བསྩལ་ཏེ་སེམས་ཁམས་མི་ལེགས་པར་ཁ་ལོ་བསྒྱུར་དགོས། སེམས་ཁམས་མི་སྐྱིད་པའི་སྐབས་སུ། ང་ཚོས་གཤམ་གྱི་ཐབས་ཤེས་འདི་དག་ཚོད་ལྟ་བྱེད་ཆོག་སྟེ།

གཅིག འཚོ་བར་སྤྲོ་བ་ཡོད་པའི་རྣམ་འགྱུར་ལེགས་པོ་གསོ་སྐྱོང་བྱེད་དགོས། སྤྲོ་སྣང་གི་རྣམ་འགྱུར་གྱིས་སེམས་ཁམས་ལ་ཁ་ལོ་བསྒྱུར་ཐུབ། དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་བགེགས་དང་བར་ཆད་གང་འདྲར་འཕྲད་ཀྱང་། སྤྲོ་སེམས་དང་ཧུར་བརྩོན་ངང་མདུན་དུ་བསྐྱོད་དགོས་ལ། དཔའ་ངར་ཆེན་པོས་དོན་དངོས་དང་ལེན་བྱས་ཏེ་སྙིང་རུས་ཆེར་བསྐྱེད་བྱས་ན་མདུན་ལམ་ནི་རེ་བས་ཁེངས་ཡོད་པར་ཡིད་ཆེས་བཅངས་དགོས།

གཉིས། སེམས་ཤུགས་གཏོད་ཡུལ་བསྒྱུར་བ། སེམས་ཤུགས་གཏོད་ཡུལ་དེ་སེམས་ཁམས་མི་སྐྱིད་པ་འབྱུང་བའི་གནས་དེ་ནས་བྱ་བ་གཞན་ཞིག་གི་སྟེང་དུ་བསྒྱུར་དགོས་པ་སྟེ། དཔེར་ན། རོལ་རྩེད་རྩེ་བ་དང་སྤོ་ལོ་རྒྱག་པ། མིག་མངས་འདེད་པ། གླུ་དབྱངས་ལ་ཉན་པ། གློག་བརྙན་ལ་བལྟ་བ། དཔེ་ཆ་ཀློག་པ་སོགས་ཚུལ་མཐུན་དང་དོན་སྙིང་ལྡན་པའི་བྱ་འགུལ་སྤེལ་ནས་སེམས་ཁམས་མི་ལེགས་པའི་འཆིང་ཐག་ལས་གྲོལ་ཏེ། སེམས་ཁམས་སྐྱིད་པོ་ཡོང་བར་བྱེད་དགོས།

གསུམ། རང་ཉིད་ལ་ཚོད་འཛིན་འོས་འཚམ་བྱེད་དགོས། ན་གཞོན་རྣམས་ཀྱི་རེ་འདུན་དང་རེ་བ་ཚང་མ་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཚད་གཞི་དང་མཐུན་དགོས། དེ་མིན་ན་སེམས་པ་བག་ཕེབས་ངང་བསམ་ཚུལ་ངན་པ་དེ་དག་རྩ་མེད་དུ་གཏོང་དགོས། སྤྱི་ཚོགས་དང་མི་གཞན་པས་རང་ཉིད་ཀྱི་རེ་འདུན་བསྐང་བར་རེ་བ་ནན་མོ་བཅངས་མི་རུང་། དེ་ལྟར་བྱས་ན་སེམས་ཁམས་སྙོམ་སྒྲིག་དང་བདེ་ཐང་ཡོང་བར་ཕན་ཐོགས་ཡོད།

བཞི། ཡུན་རིང་སེམས་སུ་ཉར་བའི་སེམས་ཁམས་མི་ལེགས་པ་འོས་འཚམ་གྱིས་འདོར་ཤེས་དགོས། སེམས་ཁམས་མི་ལེགས་པ་ལུགས་མཐུན་གྱིས་འདོར་བ་ཞེས་པ་ནི་འོས་འཚམ་གྱི་གནས་དང་བྱེད་ཐབས་སྤྱད་དེ་སེམས་ཁམས་མི་ལེགས་པ་མེད་པར་བཟོ་བ་ལ་ཟེར། དཔེར་ན། འོས་འཚམ་གྱི་ས་ཆ་དང་འོས་འཚམ་གྱི་དུས་ཚོད་ཅིག་བཙལ་ཏེ་སྐད་གསང་མཐོན་པོས་ཀི་འདེབས་པ་དང་། གནམ་ལྡིང་ས་ལྡིང་བྱེད་པ། དེ་མིན་ཡིད་ཚིམ་པ་ཞིག་ངུ་བ་སོགས་ཀྱི་ཐབས་ལམ་སྤྱད་ན་ནང་སེམས་ཀྱི་སྡུག་བསྔལ་ཕྱིར་འདོན་ཐུབ། དེ་ལྟར་བྱས་ན་ད་གཟོད་ཆར་རྗེས་སུ་འཇའ་ཚོན་ཤར་བ་བཞིན་འཇིག་རྟེན་འདི་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་པ་རྟོགས་སྲིད།

མི་ཚེ་ནི་རྦ་རླབས་དྲག་ཏུ་འཕྱུར་བཞིན་པའི་རྒྱ་མཚོ་ཞིག་དང་མཚུངས་ལ། ང་ཚོ་ནི་མཚོ་ཐོག་ཏུ་བསྐྱོད་པའི་གྲུ་གཟིངས་དེ་ཡིན་པ་དང་། སེམས་ཁམས་ནི་གྲུ་དེའི་སྟེང་གི་གྲུ་གཡོར་ལྟ་བུ་རེད། གྲུ་གཡོར་གྱི་ཁ་ཕྱོགས་འོས་འཚམ་གྱིས་ལེགས་སྒྲིག་བྱེད་ཤེས་པ་ནི་རང་ཉིད་ཀྱི་སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་པ་བཞིན་མི་ཚེའི་ཁ་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ།

སེམས་ཁམས་ལ་འགྱུར་བ་བཏང་ན། ད་གཟོད་ཁྱོད་ཀྱི་རྣམ་འགྱུར་ལ་འགྱུར་བ་འབྱུང་ཞིང་། རྣམ་འགྱུར་ལ་འགྱུར་བ་བྱུང་ན། ད་གཟོད་ཁྱོད་ཀྱི་གོམས་གཤིས་ལ་འགྱུར་བ་འབྱུང་སྲིད་པ་དང་། གོམས་གཤིས་འགྱུར་རྗེས། གཤིས་ཀའང་འགྱུར་སྲིད་པས་ཁྱོད་ཀྱི་མི་ཚེ་ལའང་འགྱུར་བ་འབྱུང་སྲིད་དོ། །

རྩོམ་སྒྲིག་པ། འབྲུག་མོ།