དགུན་ཁའི་དུས་སུ་ལ་ཕུག་དང་དབྱར་ཁའི་དུས་སུ་བཅའ་སྒ་བསྟེན་དགོས།
2020.12.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

ལོ་རེའི་དབྱར་ཁ་སླེབས་པའི་དུས་སུ་ཁྱིམ་གྱི་རྒན་པ་རྣམས་ཀྱིས“དགུན་ཁའི་དུས་སུ་ལ་ཕུག་དང་དབྱར་ཁའི་དུས་སུ་བཅའ་སྒ་བསྟེན་ན། སྨན་གང་ཡང་འཐུང་མི་དགོས”ཞེས་བཤད་པ་བཞིན་དབྱར་ཁའི་དུས་སུ་བཅའ་སྒ་བསྟེན་པ་དང་དགུན་ཁའི་དུས་སུ་ལ་ཕུག་བསྟེན་དགོས་པའི་རྒྱུ་མཚན་ཅི་ཡིན་པ་དང་། དེ་ཇི་ལྟར་བསྟེན་དགོས་ཞེ་ན།

ཀྲུང་ལུགས་གསོ་བ་རིག་པའི་གཞུང་དུ་ལ་ཕུག་ནི་བསིལ་བའི་རང་བཞིན་ཡིན་ལ། མིང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྨན་པ་ལི་ཧྲི་ཀྲེན་གྱི《རྩྭ་སྨན་སྤྱི་དོན》ནང་དུ་ལ་ཕུག་ལ“དབུགས་དབྱུང་བ། ཟས་འཇུ་བ། ཚ་གཞོལ་བ”བཅས་ཀྱི་ནུས་པ་ཡོད་པར་བཤད་ལ། ཕོ་བའི་མེ་དྲོད་ཉམས་པ་གསོ་ཐུབ་པ་རེད། བཅའ་སྒ་ལ་ཚ་བའི་རང་བཞིན་ལྡན་པས་གྲང་གཞོལ་ཚ་འདོན་པ་དང་། གློ་ལུ་འཇགས་པ་དང་ལུད་པ་སེལ་བ། སྐྱུག་མཚམས་འཇོག་པ་སོགས་ནུས་པ་སྣ་མང་ལྡན་པར་བཤད། “དགུན་ཁའི་དུས་སུ་ལ་ཕུག་དང་དབྱར་ཁའི་དུས་སུ་བཅའ་སྒ་བསྟེན་དགོས”ཞེས་བཤད་མོད། འོན་ཀྱང་དགུན་དུས་སུ་ལ་ཕུག་དང་དབྱར་དུས་སུ་བཅའ་སྒ་མཐའ་གཅིག་ཏུ་བསྟེན་དགོས་པའི་ངེས་པ་མེད། དོན་དངོས་སུ་ལ་ཕུག་དང་བཅའ་སྒ་དུས་ཚིགས་བཞི་བོར་བསྟེན་ཆོག་པས། དགུན་དུས་སུ་འོས་འཚམ་གྱིས་ལ་ཕུག་མང་དུ་བསྟེན་པ་དང་། དབྱར་དུས་སུ་བཅའ་སྒ་མང་དུ་བསྟེན་ན་བཟང་།

“དགུན་ཁའི་དུས་སུ་ལ་ཕུག་དང་དབྱར་ཁའི་དུས་སུ་བཅའ་སྒ་བསྟེན་དགོས”ཞེས་པའི་རྒྱུ་མཚན་ཅི།

ཆེད་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། གཅིག་ནས་གནམ་གཤིས་ཀྱི་རྒྱུ་རྐྱེན་ལ་རག་ལས་ཡོད། དབྱར་དུས་གནམ་གཤིས་ལ་ཚ་དྲོད་ཆེ་བས་ཉི་མའི་ཚ་བ་རླངས་པར་འགྱུར་བའི་མཚུངས་སུ། ཁྱིམ་ནང་དུ་ལྡོག་སྟེ་ཇེ་བསིལ་དུ་འགྲོ་བ་རེད། དཔེར་ན། དབྱར་གྱི་དུས་སུ་ཁྲོན་པའི་ནང་གི་ཆུ་གྲང་མོ་ཡིན་ལ། དགུན་གྱི་དུས་སུ་ཁྲོན་པའི་ནང་གི་ཆུ་ཅུང་ཚ་བ་ཡིན་པའི་གནས་ལུགས་ཀྱང་དེ་ལས་མ་འདས། དབྱར་དུས་སུ་མིའི་ལུས་པོའི་ཕྱི་རུ་ཚ་བ་རྒྱས་རུང་ཕོ་བའི་ནང་བསིལ་བའམ་འཁྱག་པ་ཡིན་པས་གྲོད་པ་བཤལ་བ་སོགས་ཀྱི་ནད་རིགས་འབྱུང་སླ་བ་རེད། དགུན་གྱི་དུས་སུ་དེ་ལས་ལྡོག་སྟེ་མིའི་ལུས་ཁམས་སུ་དྲོད་འཛིན་པས། ལུས་པོའི་ཕྱི་འཁྱག་རུང་ལུས་ཁམས་ཀྱི་དྲོད་ཅུང་ཆེ་བས། གནམ་གཤིས་གྲང་ཞིང་ས་གཞི་དྲོད་ཀྱིས་ཁེངས་ཞེས་ཟེར་སྲོལ་ཡོད་པ་རེད། མདོར་ན། དབྱར་གྱི་དུས་སུ་མིའི་ལུས་པོའི་ཕྱི་རུ་དྲོད་ཡོད་རུང་ཕོ་བ་བསིལ་བའི་རང་བཞིན་ཡིན་པས་བཅའ་སྒ་བསྟེན་ན་ཕོ་བའི་མེ་དྲོད་གསོ་ཞིང་མཚེར་བ་བདེ་ཐང་ཡོང་བར་ཕན། དགུན་གྱི་དུས་སུ་ཕོ་བར་དྲོད་ཡོད་པས་ལ་ཕུག་བསྟེན་ན་ཚ་གཞོལ་བར་ཕན་པ་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།