རང་ཞིང་གིས་སྨན་ཁང་གི་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྔར་ལས་ཤུགས་བསྣན། 
2020.12.22 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 14

 ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་དོ་དམ་ལྟ་སྦྱོང་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་པ་དང་། སྨན་རྫས་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས། རང་ཞིང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏང་དགོས་པ་བསྟན།

རང་ཞིང་ནི་བོད་ལུགས་གསོ་རིག་གི་འབྱུང་གནས་གལ་ཆེན་ཞིག་ཡིན་པས། ལོ་ངོ་བཅུ་ཕྲག་རིང་བོད་སྨན་སྨན་སྦྱོར་དེ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཁྲོད་རྒྱ་ཁྱབ་ངང་བེད་སྤྱོད་བཏང་ཡོད་ལ། དེ་ནི་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་སྤྱོད་བྱེད་སྟངས་གཙོ་བོ་ཞིག་ཡིན་ཞིང་། དེ་ལ་སྟབས་བདེའི་བརྟག་དཔྱད་དང་། སྦྱོར་རྟ་ཆ་ཚང་བ། ཚད་གཞི་སྐབས་བསྟུན་སོགས་ཀྱི་ཁྱད་ཆོས་ལྡན། དེ་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྨན་པ་བསྟེན་པའི་གདམ་ག་ཐོག་མ་དེ་ཡིན་པས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་ཆེད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ཁྱད་པར་དུ་ད་ལོར་གློ་ཚད་རིམས་ནད་འགོག་བཅོས་བྱེད་སྐབས། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་ཀྱིས་རིག་གཞུང་སྨན་ཐོ་སྔོག་འདོན་བྱས་ནས་དུས་ཐོག་ཏུ་སྨན་རྫས་བཅུ་གསུམ་བཟོས་ཏེ། ཞིང་ཆེན་ཡོངས་ཀྱི་གློ་ཚད་གསར་བ་སྔོན་འགོག་བྱེད་པར་བཀོལ་ནས། རང་ཞིང་གི་རིམས་ནད་འགོག་ཟོན་དམག་འཐབ་ལ་རྒྱལ་ཁ་ལེན་པར་ལེགས་སྐྱེས་ཆེན་པོ་ ཕུལ་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད། དེང་སྐབས། རང་ཞིང་གིས་ཞིབ་བཤེར་ཆོག་མཆན་བཀོད་པའི་བོད་སྨན་སྨན་རྫས་ཀྱི་ཆོག་མཆན་ཡིག་ཨང་གིས་སྨན་རྫས་བསྡོམས་གྲངས་ཀྱི་བརྒྱ་ཆའི་གོ་བརྒྱད་ཟིན་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་ཡག་པོ་དང་། སྔོག་འདོན་ཡག་པོ། འཕེལ་རྒྱས་ཡག་པོ། རྒྱུན་འཛིན་ཡག་པོ་བཅས་བྱས་ཡོད། སྨན་རྫས་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་དང་ཚད་ལྡན་དུ་བཏང་ནས་ཀྲུང་ལུགས་དང་བོད་སྨན་སྨན་ཁང་ནང་གི་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་འདེད་གཏང་དགོས། དེའི་ནང་སྨན་སྦྱོར་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྦྱོར་བཟོ་སྤུས་ཚད་དོ་དམ་ཚད་ལྡན་ངང་དོན་འཁྱོལ་ནན་པོ་བྱེད་པ། སྨན་རྫས་སྙོམས་སྒྲིག་གོ་རིམ་ལྡན་པའི་ངང་སྤེལ་བ། ཐོན་རྫས་གསར་པ་ནུས་ལྡན་སྒོས་སྔོག་འདོན་དང་གསར་སྤེལ་བྱས།།

རྩོམ་སྒྲིག་པ། འབྲུག་མོ།