དབྱང་ཀྲི་ཝུན་གྱིས་མཚོ་སྔོན་གྱི་གསོ་རིག་སློབ་གསོའི་འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་བྱས།
2020.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་རང་ཞིང་གི་གསོ་རིག་སློབ་གསོའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། སྨན་བཅོས་སློབ་གསོའི་མཉམ་སྒྲུབ་ལ་སྐུལ་འདེད་གང་ལེགས་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་བསྟན་དོན། གསོ་རིག་སློབ་གསོ་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། དེའི་གོ་གནས་གལ་ཆེན་བཟུང་ཡོད་པ་དང་དེའི་བྱས་རྗེས་དམིགས་བསལ་ཡིན་པ། སྟོབས་ཤུགས་འཛོམས་པོ་བཅས་ཡིན། སྲིད་གཞུང་གི་རིམ་པ་སོ་སོ་དང་སློབ་གསོའི་སྲིད་འཛིན་སྡེ་ཁག སློབ་གྲྭ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་དང་རང་ཞིང་གི་གསོ་རིག་སློབ་གསོ་གསར་གཏོད་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ཡིད་ལ་བརྟན་པོར་འཛིན་དགོས།  སློབ་གཉེར་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ནས་སྒྲིག་སྲོལ་དང་ནང་རྐྱེན་སྔར་ལས་མཐུན་སྦྱོར་ཡོང་བར་བྱེད་དགོས། སློབ་ཁྲིད་དོ་དམ་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་རིག་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་ཚུགས་ནས། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་ས་མཐོའི་ཁྱད་ཆོས་ལྡན་ཡོད་པའི་རིག་ཚན་ཆེད་ལས་གསར་འཛུགས་བྱེད་དགོས། དེང་རབས་གསོ་རིག་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཚམ་པར་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་དགོས་མཁོ་དངོས་ཁྲིད་སྟོན་དུ་བཟུང་ནས། གསོ་རིག་ཚན་ཁག་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གསོ་རིག་སློབ་གསོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ལ་སྤུས་ཚད་མཐོ་ཞིང་རིམ་པ་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། འབྲུག་མོ།