ཁོང་ཡུང་གིས་ཟི་ལིང་གི་སྨན་ཁང་དང་འཕྲོད་བསྟེན་ཁང་ཁག་ཅིག་གི་འགོས་ཁྱབ་འགོག་སྡོམ་དང་ཉིང་སྐྱུར་བརྟག་བཤེར་བྱ་བར་རྟོག་ཞིབ་བྱས།
2021.01.13 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་མཁར་བྱང་ས་ཁུལ་ཏཱ་པའོ་ཙི་གྲོང་རྡལ་གྱི་ལྟེ་གནས་འཕྲོད་བསྟེན་ཁང་། ཀྲུའུ་ནན་སྡེ་བའི་འཕྲོད་བསྟེན་ཁང་། མཁར་དབུས་ས་ཁུལ་གྱི་ཡོན་ཧྲུའུ་སྡེ་བའི་འཕྲོད་བསྟེན་ཁང་བཅས་སུ་སོང་ནས། འགོས་ཁྱབ་འགོག་སྡོམ་དང་ཉིང་སྐྱུར་བརྟག་བཤེར། ཕྱི་ཡོང་མི་སྣའི་རིམས་ནད་འགོག་སྡོམ་གྲལ་བཤེར་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ། གློ་བུར་དུ་བྱུང་བའི་གནས་ཚུལ་ཐག་གཅོད་དང་མི་སྣའི་སྒྲིག་བཀོད། སྨན་བཅོས་མི་སྣའི་ཆེད་དོན་ཟབ་སྦྱོང་། སྨན་བཅོས་ཉེར་མཁོའི་དངོས་རྫས་གསོག་ཉར་གྲ་སྒྲིག་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་སྨན་ཁང་སོ་སོའི་ནང་གི་འགོས་ཁྱབ་འགོག་སྡོམ་བྱ་བར་མཐོང་ཆེན་བྱས་ཏེ། འགོག་སྡོམ་བྱེད་ཕྱོགས་ཇེ་ཞིབ་ཏུ་གཏོང་བ་དང་། ས་ཁུལ་གསུམ་དང་བགྲོད་ལམ་གཉིས་ཀྱི་སྒྲིག་བཀོད་ཚད་ལྡན་ཅན་དུ་གཏོང་བ། ཞིབ་བཤེར་སྔོན་སོང་གིས་རིགས་དགར་ནས་ནད་བཅོས་བྱེད་པ་དང་ཚ་ནད་སྒོ་བསྟེན་སྨན་བཅོས་གཅིག་གྱུར་སྒོས་སྒོ་བཀག་དམ་འཛིན་དང་དོ་དམ་ནན་མོ་བྱེད་པ། ལུས་དྲོད་ཆེ་བའི་ནད་པ་འདེམས་སྒྲུག་དང་ནད་བཅོས། ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ་བཅས་ཀྱི་གོ་རིམ་སྔར་ལས་ཚད་ལྡན་ཅན་དུ་བཏང་ནས། སྨན་ཁང་དུ་ཡོང་བའི་ནད་པ་ཚང་མར་ཞིབ་བཤེར་སྔོན་སོང་གི་ལས་རིམ་བརྒྱུད་རྗེས་གཞི་ནས་ནད་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། སྨན་བཅོས་མི་སྣའི་ཉིང་སྐྱུར་བརྟག་བཤེར་དང་ནད་པ་གཅིག་ལ་ནད་རོགས་གཅིག་གི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་དགོས། ཉིང་སྐྱུར་བརྟག་བཤེར་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཞིབ་བཤེར་བྱེད་དགོས་རིགས་ལ་ཅིས་ཀྱང་ཞིབ་བཤེར་བྱེད་པ་དང་བརྟག་དཔྱད་བྱེད་དགོས་ངེས་ཀྱི་རིགས་ལ་ཅིས་ཀྱང་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་དངོས་འབེབས་བྱས་ཏེ། རྒྱ་ཆེ་བའི་སྨན་བཅོས་ལས་བཟོ་བ་དང་ནད་པ་ཡོངས་ཀྱི་ཚེ་སྲོག་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཕྱི་ཡོང་མི་སྣའི་གྲལ་བཤེར་དང་འགོག་སྡོམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ལྕགས་རི་བརྟན་སྲུང་བྱེད་དགོས་ཟེར།།

རྩོམ་སྒྲིག་པ། འབྲུག་མོ།