གཉེན་ཉེའི་བར་དུ་གཉེན་སྒྲིག་པའི་སྐྱོ་གར།
2021.01.14 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 647

གཉེན་ཉེ་ཅེས་པ་ནི་མི་རབས་འགའི་ནང་རིགས་རྒྱུད་ཀྱི་འབྲེལ་བ་ཡོད་པ་ལ་ཟེར།

གཉེན་ཉེའི་བར་དུ་གཉེན་སྒྲིག་པ་ཟེར་བ་ནི་མི་རབས་གསུམ་གྱི་ཚུན་དུ་རིགས་རྒྱུད་གཅིག་པའི་མིའི་བར་དུ་གཉེན་སྒྲིག་པ་ལ་ཟེར།    རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ནང་དུ་མི་རབས་གསུམ་གྱི་ནང་དུ་རིགས་རུས་ཆོ་འབྲང་བར་གཉེན་སྒྲིག་མི་ཆོག་པ་གཏན་འཁེལ་བྱས་ཡོད།

ཁྲག་རྒྱུད་གཅིག་པའི་ཤ་ཉེ་ཐམས་ཅད་ཉེ་འབྲེལ་ཡིན་པ་དང་དེའི་ནང་དུ་ཕ་རྒྱུད་དང་མ་རྒྱུད་ཡོད་ཚད་འདུས།    ཐད་ཀའི་སྤུན་མཆེད་ཅེས་པ་ནི་ཕན་ཚུན་བར་དུ་ཐད་ཀར་དུ་ཁྲག་རྒྱུན་གྱི་འབྲེལ་བ་ཡོད་པ་ལ་ཟེར།    དཔེར་ན་ཕ་མ་བུ་ཕྲུག་དང་མེས་པོ་མེས་མོ།  ཚ་བོ་ཚ་མོ་སོགས་ལྟ་བུ།

རྒྱུད་འབྲེལ་སྤུན་མཆེད་ཅེས་པ་ནི་ཕན་ཚུན་བར་དུ་རྒྱུད་དེད་ན་ཁྲག་རྒྱུན་གྱི་འབྲེལ་བ་ཡོད་པ་ལ་ཟེར།   མེས་པོ་མེས་མོ་དང་སྤོ་བོ་སྤོ་མོའི་ཁྲག་རྒྱུན་སྟེ་ཐད་ཀའི་ཁྲག་རྒྱུན་གྱི་འབྲེལ་བ་ལས་གཞན་པའི་ཤ་ཉེ་ཐམས་ཅད་རྒྱུད་འདེད་ཀྱི་འབྲེལ་བ་ཡིན།

གཉེན་ཉེའི་བར་དུ་གཉེན་སྒྲིག་ན་གནོད་པ་གང་དག་ཡོད་དམ།

སྔོན་ཆད་མི་ཚང་མས་གཉེན་ཐོག་གཉེན་བརྩེགས་ན་ལྷག་ཏུ་བཟང་བར་འདོད་ཡོད།   ས་ཆ་ལ་ལ་དང་ལྷག་པར་དུ་ཞིང་སྡེ་ས་ཁུལ་དུ་སྣང་ཚུལ་འདི་ཡོངས་ཁྱབ་ཏུ་གནས་ཡོད་པ་རེད།   བཅིངས་འགྲོལ་བྱས་རྗེས།   རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་གྱིས་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་མི་ཆོག་པ་གཏན་འཁེལ་བྱས་པའི་རྗེས་སུ་ཚང་མར་ངོས་ཟིན་ཡང་དག་ཅིག་བྱུང་ནས་གོམས་སྲོལ་ངན་པ་འདི་ཕལ་ཆེར་བསྒྱུར་ཟིན་མོད།   འོན་ཀྱང་ས་ཆ་ལ་ལ་ན་ད་དུང་གཉེན་ཉེའི་བར་གཉེན་སྒྲིག་པའི་གནས་ཚུལ་གནས་པས་གནས་ཚུལ་དེའི་རིགས་ལ་ཚང་མས་དོ་སྣང་བྱེད་འོས།

གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པའི་མིས་སྐྱེས་པའི་བྱིས་པ་དེར་རྒྱུད་འཛིན་རང་བཞིན་གྱི་ནད་འབྱུང་སླ་བ་སྟེ།    གླེན་པ་དང་ལྷན་སྐྱེས་ཤ་བཀྲ།    ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སོགས་ལྷན་སྐྱེས་རང་བཞིན་གྱི་ནད་རིགས་མང་པོ་ཞིག་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པ་ལས་བྱུང་བ་རེད།   གཞན་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན་ལྷན་སྐྱེས་རང་བཞིན་གྱི་བྱིས་པ་ཡ་མ་གཟུགས་སྐྱེས་སླ་སྟེ།  ཁ་ཤོ།   རྐན་ཤོ།  རྐང་ལག་ཐུང་བ་སོགས་འབྱུང་སླ།   དེ་ལས་གཞན་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ནས་སྐྱེས་པའི་བྱིས་པའི་ཤི་ཚད་དེ་གཞན་པའི་བྱིས་པ་ལས་ཤི་ཚད་མཐོ་བ་རེད།    ཅིའི་ཕྱིར་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན་མི་རབས་རྗེས་མའི་བདེ་ཐང་ལ་གནོད་པ་ཡོད་པ་ཡིན་ནམ་ཟེར་ན།   དེའི་གནད་དོན་ནི་མི་ལུས་ཀྱི་ཕྲ་ཕུང་སྟེང་ན་ཡོད་པ་རེད།

མི་ནི་ཕྲ་ཕུང་ལས་གྲུབ་པ་ཡིན་ཞིང་ཕྲ་ཕུང་གི་ནང་དུ་ཕྲ་ཕུང་གི་སྙིང་བོ་ཡོད་པ་རེད།   ཕྲ་ཕུང་གི་སྙིང་བོ་ནང་དུ་ཚོས་ལེན་རྫས་ཕྲ་ཞེས་པའི་དངོས་རྫས་ཞིག་ཡོད་ལ་དེའི་སྟེང་དུ་ཕྲེང་བ་ལྟ་བུའི་དངོས་པོ་ཞིག་བསྟར་ཡོད་པ་དེ་ནི་གཞི་རྒྱུ་རེད།    གཞི་རྒྱུ་ནི་རྒྱུད་འཛིན་རང་བཞིན་གྱི་དངོས་རྫས་ཡིན་པས།   ཕ་མའི་སྐྱེ་ཁམས་ཀྱི་ཁྱད་ཆོས་སྣ་ཚོགས་གཞི་རྒྱུ་བརྒྱུད་ནས་བུ་བུ་མོས་རྒྱུད་འཛིན་བྱེད་བཞིན་ཡོད་ལ།    ཕ་མའི་རྒྱུད་འཛིན་རང་བཞིན་གྱི་ནད་རིགས་ཀྱང་གཞི་རྒྱུ་བརྒྱུད་ནས་བུ་བུ་མོར་བསྒོ་བཞིན་ཡོད།   ལུས་སྟེང་གི་གཞི་རྒྱུ་ཁ་ཤས་ཤིག་རྒྱུན་ལྡན་མིན་པ་དེ་ནི་ནད་སློང་བའི་གཞི་རྒྱུ་རེད།    གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན།   ཕོ་མོ་ཕྱོགས་གཉིས་ཀའི་ཁྲག་རྒྱུན་འབྲེལ་ཡོད་པ་དང་ལུས་སྟེང་དུ་གཅིག་མཚུངས་ཀྱི་གཞི་རྒྱུ་ཅུང་མང་བ་རེད།   དཔེར་ན་རིམ་པ་དང་པོའི་ཁྲག་རྒྱུན་གྱི་འབྲེལ་བ་སྟེ།    ཕ་མ་བུ་ཕྲུག་གི་བར་དུ།   ལུས་སྟེང་གི་གཉིས་ཆའི་གཅིག་གི་གཞི་རྒྱུ་དེ་གཅིག་མཚུངས་ཡིན་པ་དང་།    རིམ་པ་གཉིས་པའི་ཁྲག་རྒྱུན་གྱི་འབྲེལ་བ་སྟེ་མེས་པོ་མེས་མོ་དང་ཚ་བོ་ཚ་མོ་བར་དང་སྤོ་བོ་སྤོ་མོ་དང་ཚ་བོ་ཚ་མོ་བར་དང་ཕ་མ་གཅིག་པའི་ཕུ་ནུ་མིང་སྲིང་བར་ལུས་སྟེང་གི་བཞི་ཆའི་གཅིག་གི་གཞི་རྒྱུ་དེ་གཅིག་མཚུངས་ཡིན་པ་རེད།   རིམ་པ་གསུམ་པའི་ཁྲག་རྒྱུན་གྱི་འབྲེལ་བ་སྟེ་ཨ་ཁུ་ཨ་ནེ་དང་ཚ་བོ་ཚ་མོ་བར་དང་ཨ་ཞང་ཨ་ནེ་དང་ཚ་བོ་ཚ་མོ་བར་ལུས་སྟེང་གི་བརྒྱད་ཆའི་གཅིག་གི་གཞི་རྒྱུ་དེ་གཅིག་མཚུངས་ཡིན་པ་རེད།    རིམ་པ་བཞི་བའི་ཁྲག་རྒྱུན་གྱི་འབྲེལ་བ་སྟེ་ཕ་སྤུན་གྱི་ཕུ་ནུ་མིང་སྲིང་བར་དང་མ་སྤུན་གྱི་ཕུ་ནུ་མིང་སྲིང་བར་ལུས་སྟེང་གི་བཅུ་དྲུག་ཆའི་གཅིག་གི་གཞི་རྒྱུ་འདྲ་མཚུངས་ཡིན།   སྤྱིར་བཏང་གི་གནས་ཚུལ་འོག་ཁྲག་རྒྱུན་གྱི་འབྲེལ་བ་ཉེ་བའི་ཕོ་མོ་གཉིས་གཉེན་སྒྲིག་ན།   ལུས་སྟེང་དུ་གཅིག་མཚུངས་ཡིན་པའི་གཞི་རྒྱུ་ཅུང་མང་ཞིང་།   ཕོ་མོ་ཕྱོགས་གཉིས་ཀར་ཡོད་པའི་ནད་སློང་བའི་གཞི་རྒྱུ་གཅིག་མཚུངས་ཡིན་པའི་ངེས་པ་ཅུང་ཆེན་པོ་ལྡན།   དེ་བས་རིགས་གཅིག་པའི་ནད་སློང་བའི་གཞི་རྒྱུ་དང་འཕྲད་པའི་གོ་སྐབས་བཟོས་ནས་མི་རབས་རྗེས་མར་རྒྱུད་འཛིན་རང་བཞིན་གྱི་ནད་འབྱུང་སླ།   ཁྲག་རྒྱུན་གྱི་འབྲེལ་བ་ཅུང་རིང་བའི་ཕོ་མོ་གཉིས་གཉེན་སྒྲིག་ན།    ལུས་སྟེང་དུ་གཅིག་མཚུངས་ཡིན་པའི་གཞི་རྒྱུ་ཅུང་ཉུང་བས་རིགས་གཅིག་པའི་ནད་སློང་བའི་གཞི་རྒྱུ་དང་འཕྲད་པའི་གོ་སྐབས་ཅུང་འབྱུང་དཀའ།   དེ་བས་མི་རབས་རྗེས་མར་རྒྱུད་འཛིན་རང་བཞིན་གྱི་ནད་འབྱུང་ཚད་ཀྱང་ཅུང་ཉུང་བ་རེད།

བཟའ་ཟླ་གཉིས་ཀ་ཡང་མེས་ཚུན་ཆད་ཀྱི་ཉེ་འབྲེལ་ཡིན་ན་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པར་བརྩིས་ཆོག   མིང་སྲིང་གི་བྱིས་པ་གཉིས་གཉེན་སྒྲིག་པ་ནི་ཅུང་རྒྱུན་མཐོང་གི་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པའི་གནས་ཚུལ་ཞིག་རེད།   རྒྱལ་ཁབ་མང་པོ་ཞིག་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པར་མི་འཐད་ལ།   ཐ་ན་བཀག་འགོག་ཀྱང་བྱེད་བཞིན་ཡོད།    གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན་མི་རབས་རྗེས་མའི་ཤི་ཚད་ཅུང་མཐོ་བར་མ་ཟད།   རྒྱུན་དུ་བྱིས་པ་གླེན་པ་དང་ཡ་མ་གཟུགས།   རྒྱུན་འཛིན་རང་བཞིན་གྱི་ནད་ཡོད་པའི་བྱིས་པ་བཅས་སྐྱེས་སྲིད།   དེའི་རྒྱུ་མཚན་ནི་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པའི་བཟའ་ཟླ་གཉིས་ཀས་ཐུན་མོང་གི་མེས་པོ་ལས་གཅིག་མཚུངས་ཡིན་པའི་གཞི་རྒྱུ་ཅུང་མང་པོ་བླངས་ཡོད་པས།    བདེ་ཐང་ལ་གནོད་པའི་མི་མངོན་པའི་གནོད་འཚེའི་གཞི་རྒྱུ་དེ་མི་རབས་རྗེས་མའི་ལུས་སྟེང་ནས་འཕྲད་སླ་བ་རེད།   དེར་བརྟེན་རིག་སྟོབས་དང་ལུས་སྟོབས་ཞན་པའི་བྱིས་པ་སྐྱེས་སྲིད།    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན།   མི་རེ་རེའི་ལུས་སྟེང་དུ་མི་མངོན་པའི་རྒྱུད་འདེད་རང་བཞིན་གྱི་ནད་རིགས་ལྔ་ནས་དྲུག་ཙམ་ཡོད་པ་རེད་ཟེར།   དེ་བས་གཉེན་སྒྲིག་པའི་སྐབས་སུ་བཟའ་ཟླ་ཕྱོགས་གཉིས་ཀར་ཁྲག་རྒྱུན་གྱི་འབྲེལ་བ་མེད་ཚེ།   རིགས་གཅིག་པའི་གཞི་རྒྱུའང་ཅུང་ཉུང་བས།   ཕྱོགས་གཉིས་ཀར་ཡོད་པའི་མི་མངོན་པའི་ནད་སློང་བའི་གཞི་རྒྱུའང་མི་འདྲ།   དེ་བསམི་མངོན་པའི་ནད་སློང་བའི་གཞི་རྒྱུ་ཡོད་པའི་ནད་མི་འབྱུང་བ་རེད།    དེ་ལས་ལྡོག་སྟེ་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན།   བཟའ་ཟླ་ཕྱོགས་གཉིས་ཀར་རིགས་འདྲ་བའི་གཞི་རྒྱུ་ཅུང་མང་བས།    མི་མངོན་པའི་ནད་སློང་བའི་གཞི་རྒྱུ་འབྱུང་ཉེན་ཆེ་ཕྱིར་བུ་རབས་ཚ་རྒྱུད་ཀྱི་ལུས་སྟེང་དུ་འཕྲད་སླ་བས་མི་རབས་རྗེས་མར་རྒྱུད་འདེད་རང་བཞིན་གྱི་ནད་འབྱུང་ཚད་ཇེ་མཐོར་འགྲོ་སྲིད།

དེ་ལས་གཞན་ཁྲག་རླུང་གི་ནད་དང་སྨྱོ་ནད།   ལྷན་སྐྱེས་རང་བཞིན་གྱི་སྙིང་ནད།   བརྒྱལ་གཟེར་གྱི་ནད་སོགས་གཞི་རྒྱུ་མང་བའི་རྒྱུད་འདེད་རང་བཞིན་གྱི་ནད་རིགས་མང་པོ་ཞིག་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ནས་སྐྱེས་པའི་བྱིས་པར་འབྱུང་ཚད་དེ་གཞན་པའི་བྱིས་པ་ལས་མངོན་གསལ་གྱིས་འབྱུང་ཚད་མཐོ།   དེར་བརྟེན་རྒྱལ་ཁབ་མང་པོ་ཞིག་གིས་བཅའ་ཁྲིམས་ལ་བརྟེན་ནས་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་མི་ཆོག་པ་གཏན་འཁེལ་བྱས།    ཀྲུང་གོའི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པས་ཐད་ཀའི་སྤུན་མཆེད་དང་མི་རབས་གསུམ་གྱི་ཚུན་གྱི་རྒྱུད་འབྲེལ་སྤུན་མཆེད་བར་གཉེན་སྒྲིག་མི་ཆོག་པ་གཏན་འཁེལ་བྱས་ཡོད།

ཡིན་ནའང་མི་ལ་ལས།    གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ཚེ་གནོད་སྐྱོན་དེ་འདྲ་ཆེ་ན།     གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པ་མིན་པའི་བྱིས་པ་དེའང་བདེ་ཐང་རིག་ཡག་ཡིན་པའི་ངེས་པ་མེད་ལ།   གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ནས་སྐྱེས་པའི་བྱིས་པའང་ངེས་པར་དུ་དབང་བོ་སྐྱོན་ཅན་དང་གླེན་པ་ཡིན་པའི་ངེས་པ་མེད་ཅེས་བཤད་སྲིད།     འདི་འདྲའི་གནས་ཚུལ་ཡང་དངོས་གནས་ཡོད་པ་རེད།  དེ་ནི་གཉེན་ཉེ་ནང་ཁུལ་དུ་རྒྱུད་སྤེལ་བ་དེ་མི་མངོན་པའི་ནད་སློང་བའི་གཞི་རྒྱུའི་ཁྱབ་ཚུལ་དང་ཕན་ཚུན་འདྲེས་པ་ལས་ནད་བསྐྱེད་པའི་གོ་སྐབས་ཇེ་མང་དུ་བཏང་བ་མ་ཟད།    ནད་བསྐྱེད་པའི་གཞི་རྒྱུའི་བྱུང་ཚད་ཇེ་མང་དུ་བཏང་མེད་པ་རེད།    དེར་བརྟེན་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་ན་མི་རབས་རྗེས་མར་གནོད་པ་འབྱུང་ཚད་ཧ་ཅང་མཐོ་མོད།  འོན་ཀྱང་སྐབས་འགར་རྒྱུན་ལྡན་ཡིན་པའམ་ཡང་ན་རྒྱུན་ལྡན་ལས་ཀྱང་ལྷག་པའི་བྱིས་པ་སྐྱེས་སྲིད།

འདི་ནས་ང་ཚོས་ཆུང་དུས་ནས་མཉམ་འགྲོགས་མཉམ་གཤིབ་ཀྱི་གྲོགས་པོ་རྣམས་དང་བརྩེ་དུང་གི་རྒྱ་མཚོར་ལྷུང་བའི་མ་སྤུན་གྱི་ཕུ་ནུ་མིང་སྲིང་རྣམས་ལ་ལྷག་བསམ་ཟོལ་མེད་སྒོས་ཁ་ཏ་བསླབ་བྱ་བྱེད་རྒྱུ་ཞིག་ཡོད་པ་ནི།   བརྩེ་དུང་གི་དབང་དུ་གཏན་ནས་འགྲོ་མི་རུང་བ་དང་།   སྟེས་དབང་གི་བསམ་ཚུལ་བཟུང་ནས་བརྩེ་དུང་གི་སྡུག་འབྲས་ཉོ་མི་རུང་བ་དེ་ཡིན།    དེ་ལྟར་མིན་ཚེ་དབང་བོ་སྐྱོན་ཅན་གྱི་བྱིས་པ་སྐྱེས་ནས་མི་ཚེ་གང་བོར་འགྱོད་སེམས་བཟོ་སྲིད།

 བྱིས་པ་བདེ་ཐང་ཡིན་པ་དང་རྣམ་རིག་བཀྲ་བ།   ཁྱིམ་ཚང་བདེ་སྐྱིད་ལྡན་པ་བཅས་ཀྱི་ཆེད་དང་།   མི་རིགས་དར་ཞིང་རྒྱས་པའི་ཆེད་དུ་ང་ཚོས་ངེས་པར་དུ་གཉེན་ཉེའི་ནང་ཁུལ་དུ་གཉེན་སྒྲིག་པ་གཏན་འགོག་བྱེད་དགོས།། 

ལོ་ཙཱ་བ། འབྲུག་མོ།