ཀླད་པ་བདེ་ཐང་ཡོང་དགོས་ན་སྔོན་ལ་མཁལ་མ་གསོ་དགོས།
2021.03.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 52

དུས་རྒྱུན་འཚོ་བའི་ཁྲོད་མི་མང་པོ་ཞིག་གིས་ཀླད་པའི་ནད་དང་མཁལ་མའི་ནུས་པ་ཉམས་པའི་བར་ལ་འབྲེལ་བ་ཡོད་པ་ཤེས་ཀྱིན་མེད་ལ། ཁྱད་པར་དུ་རྒན་པ་ཧོན་ལོག་པའི་ནད་ལ་འབྲེལ་བ་ཡོད་པར་ཡིད་འཇོག་བྱེད་ཀྱིན་མེད། ཀྲུང་ལུགས་གསོ་བ་རིག་པའི་ནང་ཀླད་པའི་བྱེད་ནུས་རྒྱུན་ལྡན་ལྟར་འདོན་སྤེལ་བྱེད་པ་དེ་ཁམས་དཀར་འདང་ངེས་ཤིག་ཡོད་མེད་ལ་འབྲེལ་བ་དམ་པོ་ཡོད། དེའི་ཕྱིར། ཀླད་པ་བདེ་ཐང་ཡོང་དགོས་ན་སྔོན་ལ་མཁལ་མ་གསོ་དགོས།

《ཧོང་ཏིའི་གསོ་རིག་ཞལ་ལུང》ནང་དུ།“མཁལ་མས་གཙོ་བོ་བཅུད་དང་། གཙོ་རུས། རྐང་སྐྱེས། ཀླད་པ་བཅས་རྒྱས་པར་བྱེད”ཅེས་པའི་དོན་ནི། ཁམས་དཀར་འཛོམས་ན་ཀླད་པར་ཕན་པ་དང་། ཀླད་ཞོ་འདང་ན་ཀླད་པའི་ནུས་པ་ད་གཟོད་རྒྱུན་ལྡན་ངང་འདོན་སྤེལ་བྱེད་ཐུབ། གལ་ཏེ་མཁལ་མའི་ཟུངས་ཉམས་པ་དང་ཀླད་ཞོ་གསོ་མ་ཐུབ་ན། མགོ་ཡུ་འཁོར་བ་དང་རྣ་འུར་བ། བརྗེད་ངས་ཆེ་བ། རིག་པ་ཉམས་པ་དང་མིག་མི་གསལ་བར་འགྱུར་བ། རྐེད་པ་ན་བ་དང་ནུས་ཤུགས་མེད་པ་སོགས་ཀྱི་ནད་རྟགས་འབྱུང་བ་རེད། 《ཧོང་ཏིའི་གསོ་རིག་ཞལ་ལུང》ལས་ད་དུང“མཁལ་མ་ནི་མི་ཞིག་གི་ལུས་སྟོབས་རྒྱས་པའི་དབང་བོ་ཡིན་ཞིང་། མིའི་རིག་སྟོབས་དང་སེམས་ཤུགས་ནི་དེ་ལས་བྱུང་བ་ཡིན།”ཞེས་པ་ལྟར། མཁལ་རླུང་དར་ན་རྩིབ་རུས་བདེ་ཐང་དང་། ལུས་པོ་འགུལ་སྟངས་བདེ་བ། སྟོབས་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད། གལ་སྲིད་མཁལ་མའི་ཟུངས་ཉམས་པ་དང་། ཀླད་པ་གསོ་མ་ཐུབ་ ན། མིའི་བློ་རིག་ཉམས་པ་དང་འཚོ་བ་ཇེ་སྡུག་ཏུ་འགྲོ་ལ། རྒན་པར་ཧོན་ལོག་ནད་ཕོག་པའི་ནད་རྟགས་མངོན་པ་རེད།

ཀླད་པའི་ཁྲག་རྩའི་ནད་རིགས་མང་པོ་ཞིག་ཀྱང་མཁལ་མའི་ནུས་པ་ཉམས་པ་དང་འབྲེལ་བ་དམ་པོ་ཡོད། མི་དར་མ་ཁ་ཤས་ཤིག་ལ་ངལ་དུབ་ཀྱི་དབང་གིས་མྱུར་གཤིས་ཀྱི་ཀླད་པའི་ཁྲག་རྩའི་ནད་འབྱུང་གིན་ཡོད། ནད་པ་དེའི་རིགས་ལ་མཁལ་མའི་ནུས་པ་ཉམས་པ་དང་གདགས་སྲིབ་ཀྱི་ནུས་པ་ཇེ་ཞན་དུ་སོང་ནས་གྲིབ་ནད་ཕོག་བཞིན་ཡོད་ཅིང་། དལ་གཤིས་མཁལ་མའི་ནད་པར་མཚོན་ན། གཅིན་དུག་གི་ཀླད་པའི་ནད་ནི་དལ་གཤིས་ཅན་གྱི་མཁལ་མའི་ནུས་པ་ཉམས་པ་ཚབས་ཆེ་བའི་བསྡོངས་ཟླའི་ནད་རིགས་གྲས་ཀྱི་གཅིག་རེད།

མཁལ་མའི་ནུས་པ་ཉམས་པ་ལས་ཀླད་པའི་ནད་སློང་སྲིད་ལ། དེ་ལས་ལྡོག་ན། ཀླད་པའི་ནད་ཀྱིས་ཀྱང་མཁལ་མའི་ནུས་པར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། 《རྩྭ་སྨན་སྤྱི་བཤད》ལས“ཀླད་པ་ནི་དབང་རྩའི་གནས་གཙོ་བོ་ཡིན།”ཞེས་པ་ལས་ཀྱང་ཀླད་པ་དང་དྲན་ཚོར་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཐུབ། ཀླད་པའི་ནད་ཕོག་པའི་ནད་པ་མང་ཆེ་བ་སྟེ། དཔེར་ན་བརྒྱལ་གཟེར་ཕོག་པའི་ནད་པས་གཅིན་སྐྱག་གཏོང་མི་ཐུབ་པ་རེད། དེ་ནི་མཁལ་མའི་ནུས་པ་ཉམས་པ་ལས་གཅིན་སྐྱག་གཏོང་མི་ཐུབ་པའི་སྣང་ཚུལ་བྱུང་བ་རེད།

དུས་རྒྱུན་འཚོ་བའི་ཁྲོད་ང་ཚོས་མཁལ་མར་སྲུང་སྐྱོང་དང་གསོ་བའི་ངོས་ཐད་ནས་ཀླད་པའི་ནད་འགོག་བཅོས་བྱེད་དགོས། ཕྱོགས་གཅིག་ནས་ཁམས་དཀར་ལ་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱས་ན་ཀླད་ཞོ་ཇེ་བཟང་དུ་འགྲོ་བ་རེད། གདགས་ནུས་ཤོར་བའི་ནད་པས་འཇུ་སླ་བ་དང་བསིལ་བའི་རང་བཞིན་གྱི་ཟས་རིགས་བསྟེན་ན་ལེགས། ཕྱོགས་གཞན་ཞིག་ནས་ཚ་དང་ཁྲག་འཁྱིལ་བ་སོགས་སེལ་བར་བྱས་ནས་ཀླད་པའི་དབང་རྩར་ཤུགས་རྐྱེན་ཐེབས་པར་གཡོལ་དགོས། །

རྩོམ་སྒྲིག་པ། འབྲུག་མོ།