མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རྒན་པ་རྣམས་ཀྱིས་རིག་ནུས་ལག་རྩལ་སྤྱད་དེ་སྨན་པར་སྟོན་པའི་ཕྱོགས་ཀྱི་དཀའ་ངལ་སེལ།
2021.03.03 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

ད་ལོ་ནས་བཟུང་། མཚོ་སྔོན་གྱིས་རྒན་པ་རྣམས་ཀྱིས་སྨན་པར་སྟོན་པ་དང་ནད་བཅོས་བྱེད་པའི་དཀའ་གནད་དང་མགོ་ན་ས། རྒྱུན་ཁེགས་ས་བཅས་ལ་དམིགས་ཏེ། འབད་པ་ཆེན་མོས་བྱེད་ཐབས་སྤྱད་དེ་ལོ་ལོན་ནད་པས་སྨན་པར་སྟོན་པའི་ཐབས་ལམ་སྟབས་ཇེ་བདེ་རུ་བཏང་།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་རྒན་པའི་བརྩེ་བའི་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་ཤིང་། རྒན་པའི་མཛའ་བརྩེའི་རིག་གནས་དང་། རྒན་པ་ལ་བརྩེ་བས་བདག་སྐྱོང་བྱེད་པ། རྒན་པ་ལ་བརྩེ་བས་ཞབས་ཞུ་སྒྲུབ་པ། རྒན་པ་ལ་བརྩེ་བའི་ཁོར་ཡུག་སྐྲུན་པ་སོགས་ཀྱི་ཕྱོགས་ལ་དམིགས་ཏེ། རྒན་པ་རྣམས་ཀྱིས་རིག་ནུས་ལག་རྩལ་སྤྱད་པས་སྨན་པར་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བྱས། ཞིང་ཆེན་ཏང་ཨུའི་ཁྱིམ་མི་སྡོད་ཁུལ་དང་། ཞིང་ཆེན་རིམ་པའི་ལས་རིགས་དམངས་གཉེར་སྨན་བཅོས་སྒྲིག་གཞི། དེ་མིན་ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་ཁག་ཅིག་བཅས་བསྡོམས་པས་ལས་ཁུངས་བཅུ་དགུ་ལ་རྟོག་ཞིབ་ཚོ་ཆུང་མངགས་ཏེ། རྒན་པ་ལ་དམིགས་པའི་སྨན་པར་སྟོན་པར“བདེ་ཐང་ཨང་བཤེར་མི་དགོས་པའི”ཤར་བགྲོད་བརྒྱུད་ལམ་འཛུགས་པ་དང་། སྨན་བཅོས་བརྒྱུད་རིམ། “མཉམ་འབྲེལ་དྲ་བ+སྨན་བཅོས་བདེ་ཐང་གི་ཞབས་ཞུ།” རྒན་པའི་བརྩེ་བའི་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་སྐུལ་ཁྲིད་བྱས།

སྨན་བཅོས་ལས་ཁུངས་སོ་སོས་རྒན་པ་རྣམས་ཀྱིས་སྨན་པར་སྟོན་པར་རིག་ནུས་ལག་རྩལ་སྤྱད་པའི་དཀའ་ངལ་ཐག་གཅོད་དང་རྒན་པའི་བརྩེ་བའི་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་བྱ་བའི་བྱེད་ཐབས་ལ་ཤུགས་བསྣན་ནས་འབད་པ་ཆེན་མོས་སྐུལ་འདེད་བྱེད་དགོས། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཤར་བགྲོད་བརྒྱུད་ལམ་བཙུགས་ཏེ། རྒན་པ་རྣམས་ཀྱིས་སྨན་པའི་སྒོ་མདུན་ནས་སྒུག་པའི་དུས་ཚོད་ཇེ་ཐུང་དུ་བཏང་འདུག ཞིང་ཆེན་སྙིང་ཀླད་ཁྲག་རྩའི་ནད་ཆེད་སྦྱོང་ཚན་ཁག་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་གཉིས་ཀྱིས་སྒོ་བསྟེན་ཁང་གི་འཛུལ་སྒོ་རུ་ཐོབ་ཐང་དཔང་ཡིག་འདྲ་བཤེར་འཕྲུལ་ཆས་བཙུགས་པ་དང་། རྒན་པ་རྣམས་ཀྱིས་ཐོབ་ཐང་དཔང་ཡིག་འདྲ་བཤེར་བརྒྱུད་དེ་བདེ་ཐང་ཨང་རྟགས་ཐོབ་ཐུབ། ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ། མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་། མཚོ་སྔོན་ཕན་བདེ་བྱམས་བརྩེ་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་བཅས་ཀྱིས་རྒན་པའི་གསོ་རིག་ཚན་ཁག་བཙུགས་ཤིང་། ཞིང་ཆེན་མི་དམངས་སྨན་ཁང་གསུམ་པས་ནད་ཁུལ་བཞི་པ་དང་དྲུག་པ་ནས་རྒན་པའི་ནད་ཁྲི་སོ་བདུན་བཙུགས་ཡོད། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས་རྒན་པའི་ཚན་ཁག་གི་ནད་ཁང་དུ་ནད་པ་ཡོད་པའི་མལ་ཁྲི་ཚང་མར་རིག་ནུས་ཕན་ཚུན་བརྗེ་རེས་འཆར་ཤེལ་བཙུགས་འདུག་ཅིང་། ལོ་ལོན་ནད་པར་ཞག་སྡོད་ཆ་འཕྲིན་འདྲི་རྟོག་དང་། མལ་ཁྲི་གམ་ནས་ཟ་མ་འབོད་པ། བརྙན་འཕྲིན་དང་གློག་བརྙན་ལ་ལྟ་བ་སོགས་ཀྱི་ཞབས་ཞུ་དུས་དང་རྣམ་པ་ཀུན་ཏུ་མཁོ་འདོན་བྱས། ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་རྒན་པའི་ནད་ཁང་དུ་གྲ་དག་ཅིང་དྲོད་ཁོལ་གྱིས་ཁེངས་ཡོད།  ཁང་པ་རེ་རེར་གེགས་མེད་གཙང་སྤྲ་ཁང་ལས་འདུག 

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རྒན་པའི་བདེ་ཐང་ཁྲུའུ་ཡི་འགན་ཁུར་པས་ངོ་སྤྲད་བྱས་པ་ལྟར་ན། རྗེས་མར་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་རྒན་པ་རྣམས་ཀྱིས་རིག་ནུས་ལག་རྩལ་སྤྱོད་དཀའ་བ་ཐག་གཅོད་བྱེད་པའི་འབྲེལ་ཡོད་བྱ་བའི་བླང་བྱ་དོན་འཁྱོལ་དངོས་འབེབས་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིས་རྒན་པ་རྣམས་ལ་ཞབས་ཞུ་བྱ་བར་བརྟག་དཔྱད་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རྒན་པ་རྣམས་སྨན་བཅོས་ཁྲོད་འཕྲད་པའི་རིག་ནུས་ལག་རྩལ་སྤྱོད་དཀའ་བའི་གནད་དོན་ནུས་ལྡན་གྱིས་ཐག་གཅོད་བྱེད་རྒྱུ་ཡིན། དུས་མཚུངས་སུ། རྒན་པའི་མཛའ་བརྩེའི་སྨན་བཅོས་སྒྲིག་གཞི་གསར་འཛུགས་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ་དང་། སྨན་བཅོས་སྒྲིག་གཞིས་ཁྱོན་ཡོངས་ནས་རྒན་པ་རྣམས་ལ་སྨན་བཅོས་ཞབས་ཞུ་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་བྱས་ཏེ། རྒན་པ་རྣམས་ལ་སྨན་བཅོས་ཁོར་ཡུག་ལེགས་པོ་སྐྲུན་པར་འབད་བརྩོན་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། འབྲུག་མོ།