བྱིས་པ་རྣམས་དྲ་རྒྱར་མྱོས་དྲགས་པ་ཇི་ལྟར་སྔོན་འགོག་བྱེད་དགོས།
2021.03.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

དེང་སྐབས་བྱིས་པ་རྣམས་ནམ་རྒྱུན་དྲ་བའི་སྟེང་ཞུགས་ཏེ། དབྱར་དགུན་གནང་གི་སྐབས་དང་ཡང་ན་གཟའ་མཇུག་གི་ངལ་གསོའི་ཉིན་མོ་གང་ཡིན་རུང་། ཕྱི་རོལ་དུ་འགྲོ་མི་འདོད་པར་དྲ་རྒྱའི་ལམ་ནས་ཉི་མ་འཁྱོལ་ཐབས་བྱེད་པ་སྟེ།  དཔེར་ན། དྲ་རྒྱའི་ལམ་ནས་སློབ་སྦྱོང་བྱེད་པ་དང་། ཁ་བརྡ་བྱེད་པ། བརྙན་གཟུགས་ལ་བལྟ་བ། རྩེད་འཇོར་རོལ་བ། གླུ་དབྱངས་ལ་ཉན་པ། སྒྲུང་གཏམ་ལ་བལྟ་བ་སོགས་བྱས་ནས་དུས་འདའ་བར་བྱེད་བཞིན་ཡོད། བྱིས་པའི་ཀླད་པ་ད་དུང་འཚར་སྐྱེ་བྱུང་ཚར་མེད་པས། རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཞན་ཕྱིར། ཚད་ལས་བརྒལ་བའི་དྲ་རྒྱར་མྱོས་དྲགས་ན་རིམ་གྱིས་དྲ་རྒྱ་དང་འབྲལ་མི་ཕོད་པའི་སྣང་ཚུལ་བྱུང་བ་རེད། བྱིས་པ་ལ་ལ་ཞིག་དགོང་མོ་ཡུན་རིང་ལ་དྲ་བར་ཞུགས་ནས་དུས་ལྟར་མི་གཉིད་པར་ཕྱི་ཉིན་གྱི་སློབ་སྦྱོང་ལ་ཤུགས་རྐྱེན་བཟོ་བའམ་ཐ་ན་སློབ་སྦྱོང་ལ་སུན་པའི་སྣང་ཚུལ་ཡང་འབྱུང་བཞིན་ཡོད་པས། ཁྱིམ་བདག་རྣམས་སེམས་འཚབ་ནས་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་ཡོད་ཕྱིར། ང་ཚོས་བྱིས་པ་རྣམས་དྲ་རྒྱར་མྱོས་དྲགས་པ་དེ་ཇི་ལྟར་སྔོན་འགོག་བྱེད་པའི་ཤེས་བྱ་འགའ་ངོ་སྤྲོད་ཅིག་བྱེད། 

ཐོག་མར་ཁྱིམ་བདག་རྣམས་ཀྱིས་རང་གི་བྱིས་པ་ཅིའི་ཕྱིར་དྲ་རྒྱར་དེ་འདྲའི་སྤྲོ་བ་རྒྱས་པའི་རྒྱུ་མཚན་ཤེས་དགོས།

བྱིས་པ་རྣམས་དྲ་རྒྱར་གཡེང་དྲགས་པ་དེར་བྱིས་པ་རང་གི་རྒྱུ་རྐྱེན་ལས་གཞན་ང་ཚོ་ཁྱིམ་བདག་ལའང་འབྲེལ་བ་ཡོད་པ་རེད། བྱིས་པ་ཚོ་དྲ་རྒྱར་ཞུགས་པར་དེ་འདྲའི་སྤྲོ་བ་ཡོད་པ་དེར་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་འགའ་ཡོད་པ་གཤམ་གསལ་ལྟར།

གཅིག བྱིས་པའི་སློབ་སྦྱོང་གི་གནོན་ཤུགས་ཆེ་ལ་སེལ་ཐབས་མེད་པས། སེམས་འཚབ་པ་དང་ཡི་མུག་པའི་སྣང་ཚུལ་བྱུང་བ་རེད། དེ་བས་སློབ་ཁྲིད་ཀྱི་སྐབས་སུ་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་དང་། སློབ་སྦྱོང་གི་གྲུབ་འབྲས་ཇེ་ཞན་དུ་འགྱུར་བ། བྱ་བ་གང་ལའང་སྤྲོ་སྣང་མེད་པར་འགྱུར་བ། སེམས་ཁམས་མི་སྐྱིད་པའམ་ཡང་ན་རྒྱུན་པར་སེམས་འཚིག་ནས་བཟོད་བསྲན་བྱེད་མི་ཐུབ་པར་རོལ་རྩེད་ལ་གཡེང་ནས་སེམས་ཀྱི་གནོན་ཤུགས་སེལ་བ་དང་རང་རློམ་ཡིད་ཆེས་ཀྱི་བསམ་པ་ཇེ་བརྟན་དུ་གཏོང་བཞིན་ཡོད། ཐ་ན་དགོང་མོ་གཉིད་མི་ཁུགས་པའི་སྐབས་སུ་སློབ་སྦྱོང་བྱེད་འདོད་ཀྱང་སེམས་རྣལ་དུ་འབབ་མི་ཐུབ་པར་ལག་འཁྱེར་ཁ་པར་བཟུང་ནས་རྩེད་འཇོར་གཡེང་བ་རེད།

གཉིས།  དེང་སྐབས་ཀྱི་བྱིས་པ་རྣམས་ཁྱིམ་བདག་གིས་སྲུང་སྐྱོབ་ཚད་མེད་བྱེད་ཀྱིན་ཡོད་པས་རང་ཉིད་ཀྱི་མ་འོངས་པར་འཆར་འགོད་ཅི་ཡང་བྱེད་ཤེས་ཀྱིན་མེད། དེའི་ཁར་ད་དུང་རང་གཅུན་གྱི་འདུ་ཤེས་ཞན་པས། བྱིས་པ་ལ་ལ་ཞིག་མ་གཞིར་སློབ་སྦྱོང་གི་གྲུབ་འབྲས་ཅུང་བཟང་མོད། གློག་རྡུལ་རོལ་རྩེད་ལ་དགའ་བའི་རྐྱེན་གྱིས་དེའི་སྟེང་མགོ་འཁོར་ནས་རང་གིས་རང་ལ་ཚོད་འཛིན་བྱེད་ཐབས་བྲལ། སྐབས་དེར་ཁྱིམ་བདག་གིས་བཀག་འགོག་བྱས་ཚེ། ཁོང་ཁྲོ་ཆེན་པོ་ལངས་ནས་འགོག་རྒོལ་བྱེད་སྲིད། རྗེས་སུ་རང་ཉིད་ཀྱི་བྱ་སྤྱོད་ལ་ནོངས་འགྱོད་སྐྱེས་སྲིད་ཀྱང་ལག་འཁྱེར་ཁ་པར་མཐོང་ཚེ་སྔར་བཞིན་རང་ལ་ཚོད་འཛིན་བྱེད་དཀའ་བ་རེད།

ཁྱིམ་བདག་གིས་ཀྱང་རང་སྟེང་ནས་རྒྱུ་རྐྱེན་བཙལ་དགོས།

བྱིས་པ་རྣམས་དྲ་རྒྱར་སྤྲོ་བ་རྒྱས་དོན་ཁྱིམ་བདག་གི་སྟེང་དུའང་གཤམ་གྱི་གནད་དོན་འདི་དག་གནས་ཡོད་དེ།

གཅིག ཁྱིམ་བདག་གིས་རང་དཔེ་གཞན་སྟོན་གྱི་ནུས་པ་མི་ཐོན་པར་བྱིས་པས་སློབ་སྦྱོང་བྱེད་པའི་སྐབས་སུ་རང་ཉིད་ཀྱིས་ཁ་པར་ལས་རོལ་རྩེད་ལ་གཡེང་བ་དང་ཡང་ན་བརྙན་གཟུགས་ལ་བལྟ་བ་སོགས་བྱེད་ཀྱིན་ཡོད། དེ་ལྟར་གྲག་མེད་འགུལ་མེད་ངང་ཁ་པར་ལ་གཡེང་ན་བྱིས་པའི་སློབ་སྦྱོང་ལ་ཤུགས་རྐྱེན་བཟོ་མི་སྲིད་པར་འདོད།

གཉིས། ཁྱིམ་བདག་ལ་ལ་ཞིག་གིས་ད་དུང་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱས་ན་བྱིས་པའི་བསམ་གཞིགས་ཀྱི་ནུས་པ་ཇེ་མཐོར་གཏོང་ཐུབ་པར་འདོད་པས། ཁོམ་གསེང་གི་སྐབས་སུ་བྱིས་པ་དྲ་རྒྱའི་རོལ་རྩེད་ཀྱི་བྱ་འགུལ་ལ་ཞུགས་པར་སྐུལ་མ་གཏོང་བཞིན་འདུག

གསུམ། ཁྱིམ་བདག་གིས་བྱིས་པའི་ཁམས་དང་བསྟུན་པའི་འབྲེལ་འདྲིས་མི་བྱེད་པ། བྱིས་པའི་ཉིན་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཁ་ཡ་བྱེད་པ་མ་གཏོགས། བྱིས་པས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་པ་དང་ཅི་ཞིག་འདོད་ཀྱིན་པར་གཏན་ནས་ཁ་ཡ་བྱེད་ཀྱིན་མེད་པས། བྱིས་པར་གནོན་ཤུགས་ཆེ་བ་དང་ཐ་ན་སེམས་ཁམས་ཀྱི་གནད་དོན་བྱུང་ནའང་ཁྱིམ་བདག་ལ་སྔར་བཞིན་དུས་ཐོག་ཏུ་ཤེས་ཚོར་ཅི་ཡང་མེད་པ་རེད། བྱིས་པ་ལ་ལས་རང་ཉིད་ཀྱི་སེམས་ཁམས་ལ་གནད་དོན་བྱུང་འདུག་ཅེས་ཕ་མར་བཤད་ནའང་ཕ་མས་སྔར་བཞིན་དེ་འདྲའི་ཚབས་ཆེན་ཞིག་མིན་པར་འདོད་ནས་ཁ་ཡ་ཆེན་པོ་མི་བྱེད་ལ། ཁོ་ཚོས་མཐོང་ཐུབ་པ་ནི་བྱིས་པ་དགོང་མོ་ཉལ་འཕྱི་བ་དང་ལས་བྱ་དུས་ལྟར་མི་འགྲུབ་པ། ཉིན་དཀར་རྣམ་རིག་མེད་པ་ཙམ་རེད།

བཞི། ཁྱིམ་བདག་ལ་ལས་དུས་ཡུན་རིང་པོར་བྱིས་པ་དང་བསམ་བློ་བརྗེ་རེས་བྱེད་པ་སོགས་གཏན་ནས་མི་བྱེད་ལ། བྱིས་པས་ཁ་པར་ལས་རོལ་རྩེད་ལ་མགོ་འཁོར་ནའང་ཅི་ཡང་མི་བཤད་ལ། དེ་ནས་རིམ་གྱིས་བྱིས་པས་ལས་བྱ་མི་འབྲི་བ་དང་སློབ་སྦྱོང་མི་བྱེད་པའི་སྐབས་སུ་ཐད་ཀར་བཙན་ཤེད་བཀོལ་ནས་ཁ་པར་ལག་ནས་འཕྲོག་ཏེ་བྱིས་པ་དང་འགལ་བ་ཆེན་པོ་བཟོ་བཞིན་ཡོད་ཅིང་། བྱིས་པས་རང་རྨས་བྱེད་པ་སོགས་འཇིགས་སྐུལ་གྱི་བྱ་སྤྱོད་སྟོན་དུས་ད་གཟོད་དངངས་འཚབ་སྐྱེས་ནས་བྱིས་པར་ཁ་ཡ་བྱེད་ཐུབ་ཀྱིན་མེད།

ལྔ། ཁྱིམ་བདག་ལ་ལས་རང་ཉིད་ཀྱི་ཆ་འཕྲིན་ལ་དོ་དམ་བྱས་པ་མི་འདང་བ། མིག་སྔར་དྲ་རྒྱའི་རོལ་རྩེད་སྟེགས་བུ་འགའ་རེ་ནས་ནར་མ་སོན་པའི་བྱིས་པའི་རོལ་རྩེད་ལ་རོལ་བའི་དུས་ཡུན་དུས་ཚོད་གཉིས་ལས་བརྒལ་མི་རུང་བ་གཏན་འཁེལ་བྱས་ཡོད་མོད། ཁྱིམ་བདག་གིས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་ཆ་འཕྲིན་ལ་དོ་དམ་བྱས་པ་མ་འདང་བས། བྱིས་པས་ཕ་མའི་ཐོབ་ཐང་ལག་འཁྱེར་ཀྱི་ཨང་གྲངས་དང་སྐད་འཕྲིན་གྱི་ཨང་གྲངས་སོགས་སྤྱད་ནས་རོལ་རྩེད་ལ་ཞུགས་ཏེ་དྲ་རྒྱའི་རོལ་རྩེད་སྟེགས་བུས་གཏན་འཁེལ་བྱས་པའི་དུས་ཚོད་ལས་རིང་དུ་བརྒལ་བཞིན་ཡོད།

བྱིས་པ་རྣམས་དྲ་རྒྱར་མྱོས་དྲགས་པ་ཇི་ལྟར་སྔོན་འགོག་བྱེད་པའི་ཐབས་ཤེས་གསུམ།

བྱིས་པ་རྣམས་དུས་ཡུན་རིང་བོར་དྲ་རྒྱར་མགོ་འཁོར་བ་ལས་གཡོལ་བར་ཁྱིམ་བདག་གིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག་སྟེ།

གཅིག རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་ནས་བྱིས་པས་སློབ་སྦྱོང་བྱེད་པའི་སྐབས་སུ། ཁྱིམ་བདག་གིས་ཀྱང་བྱ་བ་སྒྲུབ་པའམ་ཡང་ན་སློབ་སྦྱོང་བྱས་ནས། བྱིས་པར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། བྱིས་པར་དྲ་རྒྱ་ལས་གཞན་པའི་གནོན་ཤུགས་སེལ་ཐབས་ཀྱི་བྱ་འགུལ་སྐྱིད་པོ་མང་པོ་ཡོད་པ་ཤེས་སུ་འཇུག་དགོས། དཔེར་ན། ཁོམ་གསེང་གི་སྐབས་སུ་བྱིས་པ་དང་མཉམ་དུ་རྩེད་འཇོ་དང་བྱ་འགུལ་སྣ་ཚོགས་སུ་ཞུགས་དགོས་པ་ལྟ་བུ། དེ་ལས་གཞན་རྒྱུན་པར་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་རྩིས་ཐོའི་ཨང་གྲངས་ཀྱི་འཕྲིན་གསར་སོགས་ལ་དོ་དམ་ནན་མོ་བྱེད་དགོས།

གཉིས། དྲ་རྒྱ་ནི་དེང་རབས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཐོན་དངོས་ཤིག་ཡིན་པས། ཁྱིམ་བདག་གིས་བྱིས་པར་དྲ་རྒྱར་ཞུགས་པའི་དུས་ཚོད་ལ་ཚོད་འཛིན་བྱས་ནས་སློབ་སྦྱོང་དང་རོལ་རྩེད་གཉིས་ཟུང་འབྲེལ་བྱེད་དགོས་པ་ཤེས་སུ་འཇུག་དགོས་པ་དང་། བྱིས་པས་རང་འགུལ་སྒོས་ཉིན་རེའི་ལས་རིམ་གྱི་རེའུ་མིག་དང་བྱ་དགའ་དང་ཆད་གཅོད་ཀྱི་རེའུ་མིག་ཞིབ་མོ་འགོད་པར་ཁྲིད་སྟོན་བྱས་ནས། བྱིས་པ་ཆུང་དུས་ནས་ཁ་དན་ཚིག་གནས་དང་དུས་ཚོད་ལ་ཚོད་འཛིན་བྱེད་ཤེས་པ་ཞིག་ཏུ་སྐྱེད་སྲིང་བྱེད་དགོས།

གསུམ། རྒྱུན་པར་བྱིས་པ་དང་ཁ་བརྡ་མང་པོ་བྱས་ནས་བྱིས་པའི་སེམས་ཁམས་ཀྱི་འགྱུར་བར་ཤེས་རྟོགས་བྱེད་པ་དང་ལྷག་པར་དུ་བྱིས་པས་རང་འགུལ་སྒོས་རང་ཉིད་ཀྱི་སེམས་ཁམས་མི་སྐྱིད་པ་དང་དགོང་མོ་གཉིད་མི་ཁུག་པའི་གནས་ཚུལ་བཤད་སྐབས། ཁྱིམ་བདག་གིས་དེ་ལ་དོ་སྣང་ཆེན་པོ་བྱེད་དགོས་པར་མ་ཟད། བྱེ་བྲག་གི་རྒྱུ་རྐྱེན་བཙལ་ནས། བྱིས་པའི་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་སེལ་ཐབས་བྱེད་དགོས། གལ་ཏེ་དེ་ལྟར་བྱས་ཀྱང་གནས་བབ་ཇེ་ལེགས་སུ་འགྲོ་མ་ཐུབ་ཚེ་དུས་ཐོག་ཏུ་སྨན་པར་སྟོན་དགོས།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ལོ་ཙཱ་བ། འབྲུག་མོ།