ཟླ་དགུ་བའི་ཚེས་བཅུའི་ཉིན། ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་ཞན་ཡུག་རྫོང་གིས་ཉིང་སྐྱུར་ཞིབ་དཔྱད་གདགས་གཤིས་མི་སྣའི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་ཧྥུའུ་ཅན་ཞིང་ཆེན་གྱི་ས་གནས་དེ་གའི་ནད་བརྟག་གཏན་འཁེལ་བྱས་པའི་ནད་པ་ང་དགུ་འཕར་སྣོན་བྱུང་བ་རེད། རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བདེ་ཐང་ཐད་གསལ་འདེབས་བྱས་པ་གཤམ་གསལ་ལྟར།
གཅིག ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་དང་ཆོན་ཀྲོའུ་གྲོང་ཁྱེར། ཞ་མིན་གྲོང་ཁྱེར་བཅས་ནས་མཚོ་སྔོན་དུ་ཡོང་མཁན་གྱིས་དུས་ཐོག་ཏུ་ས་གནས་དེ་གའི་སྡེ་ཁུལ(སྡེ་བ)དང་། སྡེ་ཁག་དང་མགྲོན་ཁང་བཅས་ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཕུལ་དགོས་པ་མ་ཟད་སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས་པ་དང་། རང་རྟོགས་ངང་ཁོངས་གཏོགས་ས་ཁུལ་གྱི་ཆ་འཕྲིན་ཐོ་འགོད་དང་ཉིང་སྐྱུར་ཞིབ་དཔྱད་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཡག་པོར་སྒྲུབ་རྒྱུར་རམ་འདེགས་བྱེད་དགོས། ཧྥུའུ་ཅན་ཞིང་ཆེན་ནས་གནས་སྐབས་སུ་བསྡད་པའི་བརྒྱུད་རིམ་ཡོད་པ་དང་བདེ་ཐང་ཨང་རིས“མདོག་དམར་པོ”དང“མདོག་སེར་པོ”ཡོད་པའི་མི་སྣ་ཚང་མས་དུས་ཐོག་ཏུ་རང་རྟོགས་ངང་ས་གནས་དེ་གའི་སྡེ་ཁུལ་དང་། སྡེ་ཁག མགྲོན་ཁང་བཅས་ལ་སྙན་ཞུ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་དགོས།
གཉིས། ཁྱབ་བསྒྲགས་བྱས་ཟིན་པའི་པྲོག་གསར་ནད་གཞིར་གཏན་འཁེལ་བྱས་པའི་ནད་པ་གསར་པ་དང་ནད་པ་གདགས་གཤིས་ཅན་གྱི་འགུལ་སྐྱོད་བྱ་ཡུལ་དང་འབྲེལ་འདྲེས་ཡོད་པའི་མི་སྣས་རང་རྟོགས་ངང་ས་གནས་དེ་གའི་སྡེ་ཁུལ (སྡེ་བ) དང་། སྡེ་ཁག མགྲོན་ཁང་བཅས་ལ་སྙན་ཞུ་ཕུལ་དགོས་པ་དང་། སྡེ་ཁུལ་ལ་རམ་འདེགས་བྱས་ནས་པྲོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་། ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱེད་པ། བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སོ་སོ་མགྱོགས་མྱུར་ངང་དངོས་འབེབས་བྱེད་དགོས།
གསུམ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་ངལ་གསོའི་ཉིན་མོ་ཐོན་ལ་ཉེ་སྐབས། རྒྱ་ཆེའི་སྤྱི་དམངས་ཀྱིས་རིམས་ནད་འཕར་ཚུལ་ལ་དོ་ཁུར་ཆེན་པོ་བྱས་ཏེ་ལུགས་མཐུན་ངང་ཕྱིར་བསྐྱོད་བཀོད་སྒྲིག་བྱེད་པ་ལས། ཉེན་ཁ་ཆེ་འབྲིང་ས་ཁུལ་དང་ནད་གཞི་ཐོན་ཁུལ་དུ་མི་འགྲོ་བའི་གསལ་བརྡ་བཏང་ཞིང་། གལ་སྲིད་ངེས་པར་དུ་འགྲོ་དགོས་ཚེ། བརྒྱུད་ལམ་ཧྲིལ་པོར་མི་སྒེར་གྱི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་དགོས། ཕྱིར་ལོག་རྗེས་དུས་ཐོག་ཏུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་མ་ཟད། རང་ཞིང་གི་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཡོང་བར་རམ་འདེགས་བྱེད་དགོས།
བཞི། རྒྱ་ཆེའི་སྤྱི་དམངས་ཚོས་མི་སྒེར་གྱི་འགོག་སྲུང་འདུ་ཤེས་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་བརྒྱབ་སྟེ་མི་ཚོགས་འདུ་འཛོམས་ཆེ་བ་དང་མཁའ་རླུང་འཁོར་རྒྱུག་མི་ཐུབ་པའི་བྱེད་སྒོ་སྤེལ་ཡུལ་དུ་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པ་དང་ཡང་ན་འདུ་འཛོམས་ཉུང་ཙམ་བྱེད་པ། མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་ཆགས་པར་བྱེད་པ། རིམས་འགོག་བྱེད་ཐབས་རང་རྟོགས་ངང་བརྩི་སྲུང་བྱེད་པ་བཅས་བྱས་ནས་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། ཟློས་གར་ཁང་དང་ལུས་རྩལ་ཁང་། སྤྱི་སྤྱོད་རླངས་འཁོར། གནམ་གྲུ་སྒུག་ཁང་སོགས་སྤྱི་སྤྱོད་ཚོགས་རར་འགྲོ་དུས། ཁ་ཐུམ་རྒྱག་པ་དང་ཚ་གྲངས་ལེན་པ། བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་པ་སོགས་ཚོད་འཛིན་གྱི་བྱེད་ཐབས་བརྩི་སྲུང་བྱ་དགོས།
ལྔ། ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། ལུས་ཉོབ་པ་དང་སྣ་འགག་པ། སྣས་དྲི་མི་ཚོར་བ། མིག་འབྲས་སྐྱི་མོའི་གཉན་ཚད་ཉམས་པ། ཤ་གྲིམ་ན་བ་དང་ཁོག་པ་ན་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཚད་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་སྨན་བཅོས་བྱེད་དགོས་པ་མ་ཟད། ཉིན་བཅུ་བཞིའི་རིང་གི་འགྲོ་འདུག་སྤྱོད་གསུམ་སོགས་རང་རྟོགས་ངང་སྙན་ཞུ་བྱ་དགོས་ཤིང་། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་རྒྱག་དགོས་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་རུང་།
དྲུག པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱེད་ཐབས་ལེགས་ཤོས་ཤིག་ཡིན་པས། འགོག་ཁབ་མ་བརྒྱབ་པའི་མི་རྣམས་ཀྱིས་མྱུར་ཏུ་ཐོ་འགོད་བྱས་ཏེ་་གོ་རིམ་ཡོད་པའི་སྒོ་ནས་རིམས་འགོག་སྨན་ཁབ་རྒྱག་དགོས།
མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས།
2021ལོའི་ཟླ9པའི་ཚེས14ཉིན་སྤེལ།
རྩོམ་སྒྲིག་པ། འབྲུག་མོ།