བུ་སྣོད་ཁའི་འབྲས་སྐྲན་སྔོན་འགོག་དང་གསོ་བཅོས་བྱེད་ཐབས།
2021.09.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

བུ་སྣོད་ཁའི་འབྲས་སྐྲན་ནི་བུད་མེད་ལ་འབྱུང་བའི་འབྲས་སྐྲན་ནང་གི་ཆེས་རྒྱུན་མཐོང་གི་འབྲས་སྐྲན་ངན་པའི་རིགས་ཤིག་རེད། ནད་འདིའི་འབྱུང་ཚད་བུད་མེད་ལ་འབྱུང་བའི་འབྲས་སྐྲན་ཁྲོད་ནུ་མའི་འབྲས་སྐྲན་ལས་ཅུང་ཙམ་ཉུང་བ་དེ་ཡིན་པས་བུད་མེད་ན་གཞོན་དང་དར་མའི་བདེ་ཐང་དང་ཚེ་སྲོག་ལ་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་ཡོད། བུ་སྣོད་ཁའི་འབྲས་སྐྲན་ནི་མཐོ་སྒང་ས་ཆའི་ཤི་ཚད་ཆེས་མགྱོགས་པའི་སྐྲན་ནད་ཅིག་རེད། ཁྱད་པར་དུ་མཐོ་སྒང་གི་བོད་རིགས་བུད་མེད་ལ་འབྱུང་ཚད་མཐོ་བའི་ནད་རིགས་ཤིག་ཡིན་པ་དང་། ལོ་ལྔ་བཅུ་ཡས་མས་ཀྱི་བུད་མེད་ལ་འབྱུང་ཚད་མང་། ཡིན་ནའང་ཉེ་བའི་ལོ་འགར་ནད་འདི་འབྱུང་ཚད་དང་ཤི་ཚད་དེ་ན་གཞོན་ཅན་དུ་གྱུར་ནས་ལོ་སོ་ལྔའི་མན་གྱི་བུད་མེད་ལ་བུ་སྣོད་ཁའི་འབྲས་སྐྲན་འབྱུང་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། བུ་སྣོད་ཁའི་འབྲས་སྐྲན་འབྱུང་རྐྱེན་དེ་གཤམ་གྱི་རྒྱུ་རྐྱེན་འདི་དག་ལ་འབྲེལ་བ་ཡོད་པར་འདོད།

1.འཁྲིག་སྤྱོད་ལས་ནད་འབྱུང་ཚད་ཇེ་མང་དུ་སོང་ཡོད། ན་གཞོན་བུད་མེད་ཀྱི་རིམས་འགོག་མ་ལག་འཛོམས་མེད་པས། མིའི་ནུ་མགོའི་དབྱིབས་ཀྱི་སྐྲན་ནད་ནད་དུག(HPV)དང་ཁམས་དཀར་རམ་ཁུ་བའི་གྲུབ་ཆའི་སྤྲི་དཀར་སོགས་དངོས་པོས་ངར་སྐྱེད་པར་ཚོར་བ་སྐྱེན་པོ་ཡོད་པས་ནད་དུག་འགོ་སླ་བ་དང་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གྱུར། ཁྱད་པར་དུ་མིའི་ནུ་མགོའི་དབྱིབས་ཀྱི་སྐྲན་ནད་ནད་དུག(HPV)འགོས་པ་དེ་བུ་སྣོད་ཁའི་འབྲས་སྐྲན་ལ་འབྲེལ་བ་དམ་པོ་ཡོད་པས། བུ་སྣོད་ཁའི་འབྲས་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་རེད།

2.གཉེན་སྒྲིག་བྱེད་སྔ་བ་དང་སྐྱེས་པ་མང་པོར་འགྲོགས་མཁན། བུ་སྣོད་ཁའི་འབྲས་སྐྲན་དེ་གཙོ་བོ་གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་བུད་མེད་ཁྲོད་འབྱུང་ཚད་ཅུང་མང་། ང་ཚོ་མཐོ་སྒང་ས་ཁུལ་གྱི་བུད་མེད་ཚོའི་སློབ་གསོའི་ཆུ་ཚད་ཅུང་དམའ་བ་དང་གཉེན་སྒྲིག་བྱེད་སྔ་བ། སྐྱེས་པ་མང་པོར་འགྲོགས་པའམ་རང་གི་བཟའ་ཟླ་བུད་མེད་གཞན་པ་མང་པོར་འགྲོགས་པ་བཅས་ནི་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བ་ལོ་ཆུང་ཅན་དུ་གྱུར་བའི་རྒྱུ་རྐྱེན་ཞིག་རེད།

3.མངལ་སྦྲུམ་པའི་གནས་ཚུལ་ཡོད་མཁན། ལོ་ཆུང་དུས་བྱིས་པ་སྐྱེས་པ་དང་། ལོ་རེ་རེ་བཞིན་བྱིས་པ་སྐྱེས་པ། བྱིས་པ་མང་པོ་སྐྱེས་པ་བཅས་ལའང་བུ་སྣོད་ཁའི་འབྲས་སྐྲན་འབྱུང་ཉེན་ཆེ།

4.བུ་སྣོད་ཁའི་དལ་བའི་རང་བཞིན་གྱི་ནད་དེ། དཔེར་ན། བུ་སྣོད་ཁ་རུལ་མྱགས་བྱུང་བ་ཚབས་ཆེ་བ། དལ་བའི་རང་བཞིན་གྱི་བུ་སྣོད་ཁའི་གཉན་ཚད། བུ་སྣོད་ཁའི་ཤ་འཛེར་སོགས་བྱུང་བའང་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བར་འབྲེལ་བ་ཡོད་པ་རེད།

5.ལུས་པོ་ཚོ་དྲགས་པའང་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་ཞིག་རེད། དེ་ལས་མཐོང་ཐུབ་པའི་ལོ་ཆུང་ལ་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བ་དེ་སྐྱེས་པར་འགྲོགས་སྔ་བར་འབྲེལ་བ་ཡོད་པ་དང་། གཉེན་སྒྲིག་དང་བཙའ་སྐྱེ་སྔ་བ་དང་བྱིས་པ་མང་པོ་སྐྱེས་པ། མངལ་ཤོར་མྱོང་བ། སྦྱར་ནད་བྱུང་མྱོང་བ་བཅས་ཚང་མ་ནི་བུ་སྣོད་ཁའི་འབྲས་སྐྲན་འབྱུང་ཉེན་ཆེ་བའི་མི་ཚོགས་རེད། བོད་རིགས་ས་ཁུལ་གྱི་བུད་མེད་ཀྱི་བཟའ་བཏུང་གཙོ་བོ་ཤ་དང་ཚིལ་སོགས་སྣུམ་ཞགས་ཆེ་བའི་རིགས་ཡིན་པས། ལུས་ཕུང་ཇེ་ལྗིད་དང་ཚོ་འབུད་པ་སོགས་ཀྱང་བུ་སྣོད་ཁའི་འབྲས་སྐྲན་འབྱུང་བར་འབྲེལ་བ་ངེས་ཅན་ཞིག་ཡོད། འདི་དག་ནི་གཙོ་བོ་བོད་ཁུལ་གྱི་ས་གནས་འཚོ་བའི་གོམས་སྲོལ་དང་བཟའ་བཏུང་གི་གོམས་སྲོལ་ལ་འབྲེལ་བ་ཡོད་པར་ངེས། བུ་སྣོད་ཁའི་འབྲས་སྐྲན་བྱུང་མ་ཐག་སྤྱིར་བཏང་དུ་ནད་རྟགས་མེད་ལ། ནད་རྟགས་བྱུང་ནས་སྨན་ཁང་དུ་འགྲོ་དུས་བརྒྱ་ཆའི་བཞི་བཅུ་ཙམ་དུས་མཇུག་ཏུ་ཐོན་ཡོད་པས་གཤགས་བཅོས་བྱེད་པའི་གོ་སྐབས་ཤོར་བ་དང་གསོ་བཅོས་བྱེད་པའི་གོ་སྐབས་བཟང་པོ་འགོར་འགྱངས་སུ་བཏང་བ་རེད། བུ་སྣོད་ཁའི་འབྲས་སྐྲན་དེ་བྱུང་མ་ཐག་གསོ་བཅོས་བྱས་ན་དྲག་སྐྱེད་འབྱུང་ཚད་ཕལ་ཆེར་བརྒྱ་ཆའི་བརྒྱ་ཡིན་ལ། དུས་ལྟར་སྨན་ཁང་དུ་སོང་ནས་མིའི་ནུ་མགོའི་དབྱིབས་ཀྱི་སྐྲན་ནད་ནད་དུག(HPV)ཞིབ་བཤེར་ཚད་ལེན་དང་བརྟག་དཔྱད་བྱས་ན་མིའི་ནུ་མགོའི་དབྱིབས་ཀྱི་སྐྲན་ནད་ནད་དུག(HPV)འགོ་བ་དང་སྐྲན་ནད་དུ་མ་གྱུར་སྔོན་གྱི་ནད་ཀྱི་འགྱུར་ལྡོག་ཤེས་ཐུབ་པས། སྔ་མོ་ནས་གསོ་བཅོས་བྱས་ན་བུ་སྣོད་ཁའི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ། དེ་བས་སྔོན་འགོག་བྱེད་པའི་གནད་འགག་ནི་དུས་ལྟར་མོ་ནད་ཚན་ཁག་ཁག་ནས་བརྟག་དཔྱད་བྱས་ཏེ། བུ་སྣོད་ཁའི་འབྲས་སྐྲན་མ་བྱུང་གོང་གི་ནད་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཤེས་པ་དང་གསོ་བཅོས་བྱས་ནས་བུ་སྣོད་ཁའི་འབྲས་སྐྲན་དུ་འགྱུར་བ་འགོག་བཅོས་བྱེད་དགོས། སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་གསོ་བཅོས་བྱས་ན་དྲག་སྐྱེད་འབྱུང་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་ཐུབ།

གསོ་བ་རིག་པ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྐྲན་ནད་ནི་བཅོས་ཐབས་མེད་པ་ཞིག་མིན། སྐྲན་ནད་ཁྲོད་ཀྱི་སུམ་ཆའི་གཅིག་གསོ་བཅོས་བྱས་ཏེ་ནད་བབ་ཇེ་ལེགས་དང་ཚེ་ཐག་ཇེ་རིང་། ཚེ་སྲོག་གི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐུབ། མཚོ་སྔོན་མཐོ་སྒང་ས་ཁུལ་དུ་བུད་མེད་ཀྱི་སྐྲན་ནད་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱེད་པའི་བྱ་བ་འཐུས་ཚང་མིན་པ་དང་། བུད་མེད་ཀྱི་བདེ་སྲུང་འདུ་ཤེས་ཞན་པ། འཚོ་བའི་གོམས་སྲོལ་དང་བཟའ་བཏུང་གི་གོམས་སྲོལ་མི་ལེགས་པ། དེ་མིན་མོ་ནད་ལ་ཞིབ་བཤེར་བྱེད་དགོས་པ་དང་མོ་ནད་ཚན་ཁག་ནས་བུ་སྣོད་ཁའི་ནད་ལ་བརྟག་དཔྱད་བྱེད་པའི་གལ་ཆེན་རང་བཞིན་ཤེས་ཀྱིན་མེད་པ་དང་། ད་དུང་ས་གནས་ཁ་ཤས་ཀྱི་བུད་མེད་ཀྱི་བསམ་བློ་རྙིང་བ་ཡིན་པས། མོ་ནད་ལ་རྒྱུན་སྲོལ་ལྟར་ཞིབ་བཤེར་བྱེད་པ་ནི་ཧ་ཅང་ངོ་ཚ་དགོས་པའི་དོན་ཞིག་ཡིན་པར་འདོད་ཡོད། སྐྲན་ནད་ཚབས་ཆེན་བྱུང་བའི་དུས་མགོར་ནད་རྟགས་ཅི་ཡང་མེད་ལ། ནད་རྟགས་ཕྱིར་མངོན་དུས་ད་གཟོད་སྨན་པར་བསྟན་ན་རྒྱུན་པར་འཕྱི་དྲགས་འདུག དེ་བས་སྔོན་འགོག་བྱེད་པ་ནས་མགོ་རྩོམ་དགོས། ཐོག་མར་འཚོ་བར་ཆོས་ཉིད་ཡོད་པ་དང་ལུས་ཕུང་སྦྱོང་བརྡར་བྱེད་པར་ཤུགས་སྣོན་དགོས། ལུས་ཕུང་སྦྱོང་བརྡར་བྱས་ན་ལུས་པོའི་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་ཐུབ་པས་སྐྲན་ནད་སྔོན་འགོག་བྱེད་པར་ཧ་ཅང་གལ་ཆེ། དུས་མཚུངས་སུ་བདེ་ཐང་སློབ་གསོའི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་ནས་བུད་མེད་ཀྱི་བདེ་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། འཚོ་བ་རོལ་སྟངས་དང་འཚོ་བའི་གོམས་གཤིས་ངན་པ་སྤང་དགོས། ནུ་མར་རང་གིས་ཞིབ་བཤེར་བྱེད་པ་དང་ཡང་ན་དུས་ལྟར་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་མོ་ནད་ལ་རྒྱུན་སྲོལ་ཞིབ་བཤེར་བྱེད་པ་དང་ཁྱད་པར་དུ་འབྱུང་ཉེན་ཆེ་བའི་བུད་མེད་ཀྱིས་དགོས་ངེས་ཀྱི་སྐབས་སུ་ཞིབ་བཤེར་བྱེད་པ་ནི་བུད་མེད་ཀྱི་སྐྲན་ནད་འགོག་བཅོས་བྱེད་པའི་ཐབས་མཆོག་ཡིན། ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་ནས་བུད་མེད་ཀྱི་ཚབས་ཆེ་བའི་སྐྲན་ནད་འགོག་པར་བྱེད་ཐབས་མང་པོ་མཉམ་དུ་སྤྱད་ན་ད་གཟོད་ཚད་ངེས་ཅན་ཞིག་ནས་སྔ་མོ་ནས་ནད་བརྟག་སྨན་བཅོས་བྱེད་ཐུབ་པ་དང་། མཇུག་འབྲས་ཇེ་ལེགས་སུ་གཏོང་ཐུབ། གལ་ཏེ་འགོག་བཅོས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཐུབ་ན་སྤྱི་ཚོགས་དང་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ་པས། འབྲས་སྐྲན་ཀྱི་ནད་རིགས་དང་རིང་དུ་བཀྱེད་པར་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱ་འོས།

ཡིག་སྒྱུར་བ། འབྲུག་མོ།