མགོ་ལོག་ཉེན་རྟོག་ཕྱོགས་ཀྱིས་སྨན་བཅོས་འགན་སྲུང་སྐོར་གྱི་མགོ་གཡོག་དོན་རྐྱེན་ཞིག་རྩད་ཆོད།
2021.09.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་སྨན་བཅོས་འགན་སྲུང་སྐོར་གྱི་མགོ་གཡོག་དོན་རྐྱེན་ཞིག་རྩད་ཆོད་ཅིང་། སྨན་བཅོས་འགན་སྲུང་གི་མགོ་གཡོག་ལ་རྒོལ་རྡུང་དྲག་པོ་བཏང་ནས། རྒྱལ་ཁབ་ཀྱི་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱས།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པར།  མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་ཏུ་ཞིང་ཆེན་སྤྱི་བདེ་ཐིན་ནས་སྤྲད་པའི་ཁུངས་སྣེ་ཞིག་འབྱོར་བ་དང་། མགོ་ལོག་ཁུལ་དར་ལག་རྫོང་ཁྲོན་ཏ་ཕྱོགས་བསྡུས་སྨན་ཁང་དེ་སྨན་བཅོས་འགན་སྲུང་གི་མགོ་གཡོག་དང་འབྲེལ་བ་ཡོད་ཟེར། མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཏང་ཨུས་མཐོང་ཆེན་བྱས་ཏེ། ཉེས་དོན་ཡན་ལག་རུ་ཁག་གིས་ཆེད་དོན་ཚན་ཆུང་བཙུགས་ཏེ། མྱུར་དུ་རྟོག་ཞིབ་བྱེད་དགོས་པའི་བླང་བྱ་བཏོན།

ཆེད་དོན་ཚན་ཆུང་གིས་དུས་ཐོག་ཏུ་སྨན་ཁང་དེའི་ཉིས་སྟོང་བཅུ་དྲུག་ལོའི་རིང་གི་ནད་ཐོ་དང་འབྲེལ་ཡོད་དཔང་ཡིག་ཕྱིར་བླངས་པ་དང་། དུས་ཐོག་ཏུ་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་དང་མཐུན་འགྲིག་བྱས་པ་མ་ཟད། འབྲེལ་གཏུགས་བྱས་ཤིང་། སི་ཁྲོན་དང་། ཁྲུང་ཆིན། པེ་ཅིན། ཟི་ལིང་སོགས་དང་དེ་མིན་རང་ཁུལ་གྱི་རྫོང་དྲུག་གི་ས་གནས་སུ་སོང་བ་དང་། དུས་ཡུན་ཟླ་ལྔའི་རིང་གི་རྟོག་ཞིབ་བདེན་དཔང་བྱས་མཐར། སྨན་ཁང་དེས་སྨན་རིན་མཐོན་པོ་དང་། སྨན་བཅོས་ཚད་ལས་བརྒལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་སྒོར་ས་ཡ་བདུན་ལྷག་བླངས་པའི་ནག་ཉེས་དོན་དངོས་བདེན་དཔང་བྱས་པས། དུས་ཐོག་ཏུ་དོགས་གཞི་ཉེས་ཅན་འཛིན་བཟུང་བྱས།

ཟླ་དགུ་བའི་ཚེས་གཉིས་ཉིན། མགོ་ལོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། སྨན་ཁང་དེའི་ཁྲིམས་བཀོད་མི་སྣ་ལིན་ཆེ་གེ་མོ་སོགས་ཁྲིམས་ལྟར་འཛིན་བཟུང་བྱས། ད་ལྟ་དོན་རྐྱེན་དེ་ཐག་གཅོད་བྱེད་བཞིན་པའི་སྒང་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།