སྲིན་འགོག་སྨན(抗菌药)བསྟེན་པར་གཟབ་གཟབ་བྱེད་དགོས།
2021.09.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

ཆམ་ནད་བྱུང་ཚེ་སྲིན་འགོག་སྨན་བསྟེན་པ་ལུགས་མཐུན་མིན་ཚེ། ལུས་ཕུང་བདེ་ཐང་ལ་གནོད་པ་ཆེན་པོ་ཐེབས་སྲིད་པས། སྲིན་འགོག་སྨན་བསྟེན་པར་གཟབ་གཟབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ།

གཅིག སྲིན་འགོག་སྨན་དང་གཉན་འཇོམས་སྨན(消炎药)གཉིས་ལ་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་པ།

གཉན་འཇོམས་སྨན་དང་སྲིན་འགོག་སྨན་གཉིས་མ་གཞི་ནས་སྨན་རིགས་མི་འདྲ་བ་གཉིས་ཡིན། དུག་སྲིན་ཕྲ་མོ་དང་དེ་ལས་གཞན་པའི་སྐྱེ་དངོས་ཕྲ་རབ་ལ་ཚོད་འཛིན་དང་མེད་པར་གཏོང་བའི་ནུས་པ་ལྡན་པའི་དངོས་རྫས་ཡོད་ཚད་ལ་སྲིན་འགོག་སྨན་ཟེར། དེ་ལ་ཧོང་ཨན་རིགས་ཀྱི་སྨན་རྫས་སོགས་རྫས་འགྱུར་འདྲེས་སྦྱོར་སྨན་རྫས་དང་། ཆིན་མའེ་སུའུ་སོགས་སྲིན་འགོག་སྨན་རྫས་བཅས་འདུ་བ་དང་། ད་དུང་སྲིན་འགོག་གི་ནུས་པ་ལྡན་པའི་རྩྭ་སྨན་སོགས་འདུས། གཉན་ཁ་འཇོམས་པའི་སྨན་གྱིས་གཉན་ཚད་གཅོག་པ་ཡིན་ཏེ། གཉན་ཚད་ཀྱི་རྒྱུན་མཐོང་གི་ནད་རྟགས་ནི། སྐྱི་པགས་དམར་པོར་འགྱུར་བ་དང་། སྐྲངས་པ། ཚ་རྒྱས་པ། ན་ཟུག་གཏོང་བ་སོགས་ཡིན། གལ་ཏེ་ཁ་ཤན་ཨེམ་རྨང་ཧྥུན་གྱིས་ཚ་འཇོམས་ཤིང་ན་ཟུག་གཅོག་ཐུབ་ཚེ་དེ་ལ་གནས་སྐབས་ཀྱི་གསོ་བཅོས་ཕན་འབྲས་ཙམ་ཐོན་པ་ཡིན་ལ། སྲིན་འགོག་སྨན་གྱིས་གཉན་ཚད་སློང་བའི་དུག་སྲིན་ཕྲ་མོ་འགོག་པ་ཡིན་ཏེ། དེས་ནད་གཞིར་རྩ་བ་ནས་གསོ་བཅོས་བྱེད་པའི་ནུས་པ་ཐོན་ཐུབ་པ་ཡིན། དེ་ལས་གཞན་མིའི་ལུས་སྟེང་དུ་རྒྱུན་ལྡན་གྱི་སྲིན་ཁྱུ་མང་པོ་གནས་ཡོད་པས། གལ་ཏེ་སྲིན་འགོག་སྨན་རྫས་ཀྱིས་སྲིན་མེད་རང་བཞིན་གྱི་གཉན་ཚད་ལ་གསོ་བཅོས་བྱས་ན། ལུས་སྟེང་གི་རྒྱུན་ལྡན་གྱི་སྲིན་ཁྱུ་དེ་དག་ཚོད་འཛིན་དང་མེད་པར་གཏོང་སྲིད་པས། སྲིན་ཁྱུའི་སྙོམ་སྒྲིག་གི་ནུས་པ་ཤོར་ནས་ཁོག་པ་བཤལ་བ་སོགས་ཞོར་སྐྱོན་ངན་པ་འབྱུང་སྲིད། དེའི་ཕྱིར། སྲིན་འགོག་སྨན་རྫས་དེ་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་བསྟེན་དགོས་པ་ཡིན།

གཉིས། ཆམ་ནད་བྱུང་ཚེ་སྲིན་འགོག་སྨན་བསྟེན་དགོས་པར་འདོད་པ།

ནད་དུག་གམ་དུག་སྲིན་ཕྲ་མོས་ཆམ་ནད་སློང་སྲིད་པ་ཡིན། ནད་དུག་གིས་བསླངས་པའི་ཆམ་ནད་ལ་ནད་དུག་རང་བཞིན་གྱི་ཆམ་ནད་ཟེར། དུག་སྲིན་ཕྲ་མོས་བསླངས་པའི་ཆམ་ནད་ལ་དུག་སྲིན་ཕྲ་མོའི་རང་བཞིན་གྱི་ཆམ་ནད་ཟེར། སྲིན་འགོག་སྨན་གྱིས་དུག་སྲིན་ཕྲ་མོའི་རང་བཞིན་གྱི་ཆམ་ནད་ལ་ཕན་བསྐྱེད་འབྱུང་བ་ཡིན། དོན་དངོས་སུ། ཆམ་ནད་མང་ཤོས་ཤིག་ནད་དུག་གིས་བསླངས་པ་ཡིན་པས། སྲིན་འགོག་སྨན་གྱིས་གོ་མི་ཆོད། དེ་ཡང་གསལ་བོར་བཤད་ན། ནད་དུག་རང་བཞིན་གྱི་ཆམ་ནད་ལ་ནད་རྟགས་དང་བསྟུན་ནས་གསོ་བཅོས་ཙམ་བྱེད་དགོས་པ་མ་གཏོགས་ཕན་ནུས་ལྡན་པའི་སྨན་ཞིག་མེད་ཅིང་། སྲིན་འགོག་སྨན་བཀོལ་མི་དགོས།

གསུམ། སྲིན་འགོག་སྨན་འཐུང་ན་རེད་པ་སྔོན་འགོག་བྱེད་ཐུབ་པར་འདོད་པ།

དམིགས་བསལ་གྱི་གནས་ཚུལ་འོག་ད་གཟོད་སྲིན་འགོག་སྨན་བཀོལ་ནས་རེད་པ་སྔོན་འགོག་བྱེད་དགོས་ཏེ། དཔེར་ན་ལོང་ག་དང་གཞང་ལམ་ལ་གཤགས་བཅོས་མ་བྱས་སྔོན་དུ་བསྟེན་པ་ལྟ་བུ་རེད། གལ་ཏེ་རེད་པའི་རང་བཞིན་གྱི་ནད་རིགས་མེད་པའི་གནས་ཚུལ་འོག་ཏུའང་སྲིན་འགོག་སྨན་བསྟེན་ཚེ། དུག་སྲིན་ཕྲ་མོར་སྨན་འདྲེད་འབྱུང་བ་དང་ལུས་སྟེང་གི་སྲིན་ཁྱུ་འཁྲུགས་ནས་རེད་པའི་ཉེན་ཁ་ལྷག་ཏུ་ཇེ་ཆེར་གཏོང་སྲིད། ལུས་ཕུང་བདེ་ཐང་ཡིན་པ་དང་རིམས་འགོག་ནུས་པ་རྒྱུན་ལྡན་ཡིན་པའི་མི་ཞིག་ལ་མཚོན་ན། གལ་ཏེ་རེད་པ་ཚབས་མི་ཆེ་བར་ཅུང་ཡང་མོ་ཡིན་ཚེ་རང་ཤུགས་ཀྱིས་དྲག་འགྲོ་བས་སྲིན་འགོག་སྨན་བཀོལ་མི་དགོས།

བཞི། སྲིན་འགོག་སྨན་ཡང་ཡང་བརྗེ་དགོས་པར་འདོད་པ།

སྲིན་འགོག་སྨན་བཀོལ་ནས་དུག་སྲིན་ཕྲ་མོའི་རེད་པར་གསོ་བཅོས་བྱེད་པར་ཧ་ལམ་ཉིན་གཉིས་ནས་གསུམ་ཙམ་དགོས་ལ། དེའི་ནང་དུ་ཕན་འབྲས་མེད་ན་ད་གཟོད་སྨན་སྣ་བརྗེ་ཆོག སྨན་པའི་མཛུབ་སྟོན་འོག་སྨན་བསྟེན་ན་ཕན་འབྲས་ཐོན་ཐུབ་ལ། དེ་ལས་ལྡོག་སྟེ་རྒྱུན་པར་སྨན་སྣ་བརྗེ་གསོར་བྱས་ན་སྨན་རྫས་ཀྱི་ཞོར་སྐྱོན་ངན་པ་སྣ་ཚོགས་འབྱུང་ཞིང་། དེ་ལས་ཀྱང་དུག་སྲིན་ཕྲ་མོར་སྨན་འདྲེད་རང་བཞིན་འབྱུང་སྲིད།

ལྔ། སྨན་ནུས་ཐོན་ནས་ཅུང་ཇེ་དགར་ཡོང་ཚེ་སྨན་འཐུང་མཚམས་འཇོག་དགོས་པར་འདོད་པ།

སྲིན་འགོག་སྨན་གྱིས་དུག་སྲིན་ཕྲ་མོའི་རེད་པར་གསོ་བཅོས་བྱེད་ན་དུས་ཡུན་ངེས་ཅན་ཞིག་དགོས་པ་ཡིན། གལ་ཏེ་སྨན་འཐུང་མཚམས་འཇོག་སྔ་ན་ཡང་བསྐྱར་འཕར་སྲིད། དུག་སྲིན་ཕྲ་མོའི་རིགས་སྣ་མི་འདྲ་བ་རེ་རེའི་གསོ་བཅོས་བྱེད་ཐབས་དང་གསོ་བཅོས་བྱེད་ཡུན་ཡང་མི་འདྲ་སྟེ། གལ་ཏེ་གློ་ཚད་ཕྲ་གྱེས་གདོད་གཟུགས་དང་ཕུང་རྟེན་གཟུགས་ཀྱི་རེད་པར་གསོ་བཅོས་བྱེད་པར་སྤྱིར་ཉིན་བཅུ་ནས་ཉིན་བཅུ་བཞི་ཙམ་གྱི་དུས་ཡུན་དགོས་པ་དང་། སྲིན་ཚོགས་ཀྱི་རེད་པར་གསོ་བཅོས་བྱེད་ན་ཧ་ལམ་ཉིན་བཅུ་ནས་ཉིན་ཉེར་གཅིག་ཙམ་གྱི་དུས་ཡུན་དགོས་པ་ཡིན། རེད་པའི་ནད་རྟགས་ཇེ་ཡང་དུ་གྱུར་བའི་སྐབས་སུ་དུག་སྲིན་ཕྲ་མོ་དེ་ད་དུང་རྩ་བ་ནས་མེད་པར་བཟོས་མེད་པས། ནད་བབ་ཇེ་དགར་གྱུར་ནའང་སྨན་འཐུང་མཚམས་གཏན་ནས་འཇོག་མི་རུང་། གལ་ཏེ་སྨན་འཐུང་མཚམས་བཞག་ཚེ་ནད་གཞི་ཡང་བསྐྱར་འཕར་སྲིད་ཅིང་། དེ་ལྟར་ཡང་དང་བསྐྱར་དུ་འཕར་ན་དུག་སྲིན་ཕྲ་མོར་སྨན་འདྲེད་རང་བཞིན་བྱུང་ནས་སྨན་བསྟེན་པའི་དུས་ཡུན་སྔར་ལས་ཀྱང་ཇེ་རིང་དུ་གཏོང་སྲིད། དེ་བས་ནད་པས་སྨན་པའི་ངག་བཀོད་ལྟར་སྨན་འཐུང་ཡུན་འདང་དུ་འཇུག་དགོས།

དྲུག སྲིན་འགོག་སྨན་གྱི་རིན་གོང་ཇི་ལྟར་དཀའ་ན་དེ་ལྟར་བཟང་བར་འདོད་པ།

སྲིན་འགོག་སྨན་ཉོ་སྐབས་ནད་པ་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་ནས་ཉོ་དགོས་པ་མ་གཏོགས་སྨན་རིན་མཐོན་པོ་ཅན་ཉོས་ན་དེ་ལྟར་བཟང་བའི་ངེས་པ་མེད། རང་འདོད་ལྟར་རིན་གོང་མཐོན་པོ་ཅན་གྱི་སྨན་ཉོས་ནས་འཐུང་ན་སྨན་འདྲེད་དམ་སྨན་གོམས་རང་བཞིན་དུ་གྱུར་ནས། རྗེས་ཕྱོགས་དེ་ལས་ཀྱང་ཚབས་ཆེ་བའི་དུག་སྲིན་ཕྲ་མོའི་རེད་པ་བྱུང་ཚེ་སྨན་གང་གིས་ཀྱང་གོ་མི་ཆོད་པ་ཡིན། དེ་བས་ནད་པ་རང་ཉིད་ཀྱི་ནད་རྟགས་དང་བསྟུན་ནས་སྨན་འཐུང་དགོས་པ་མ་གཏོགས་སྨན་གྱི་རིན་གོང་ཇི་ལྟར་མཐོ་ན་དེ་ལྟར་བཟང་བ་དང་ཡང་ན་སྨན་སྣ་ཇི་ལྟར་གསར་བ་ཡིན་ན་དེ་ལྟར་བཟང་བའི་ངེས་པ་མེད། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།