བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་མཚན་ཉིད་སྐོར། 
2021.10.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

བུད་མེད་ཀྱི་མི་ཚེ་གཅིག་ལས་དུས་རིམ་མི་འདྲ་བར་བལྟོས་ཏེ་རང་ལུས་ཕུང་གྲུབ་རིག་པའི་འགྱུར་བ་དང་གཤགས་འབྱེད་རིག་པའི་འགྱུར་བ། སྐྱེས་ལུགས་ཀྱི་ཁྱད་ཆོས་མི་འདྲ་བ་རེ་འབྱུང་བཞིན་ཡོད། བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་བྱེད་ལས་དང་སྐྱེ་ལུགས་ཀྱི་འགྱུར་བ་ནི་མ་ལག་གཞན་གྱི་བྱེད་ལས་དང་འབྲེལ་བ་དམ་ཟབ་ཡོད་ལ་ཕན་ཚུན་ཤུགས་རྐྱེན་ཡང་བྱེད། བུད་མེད་རྣམས་ལ་ཕྲུ་གུ་གསར་སྐྱེས་ཀྱིས་དུས་ནས་རྒ་བའི་བར་དུ་རིམ་གྱིས་བགྲོད་པའི་སྐྱེ་ལུགས་བརྒྱུད་རིམ་ཞིག་ཡོད། དེ་ཡང་ཀླད་དེའུ་འོག་མ། ས་བོན་བཅུད་རྩ། བསམ་སེའུ་མདའ་བཅས་ཀྱི་བྱེད་ལས་འཚར་སྐྱེས་ནས་ཡོངས་སུ་སྨིན་པ། དེ་ནས་རྒ་འགྱུར་གྱི་བརྒྱུད་རིམ་དེའོ།། བུད་མེད་ཀྱི་མི་ཚེ་གཅིག་ནི་དེའི་སྐྱེས་ལུགས་ཀྱི་ཁྱད་ཆོས་མི་འདྲ་བར་བལྟོས་ནས་ལོ་ཚོད་ཀྱི་དུས་རིམ་མི་འདྲ་བ་འགར་དབྱེ་ཆོག འོན་ཀྱང་དེ་ལ་ཤིན་ཏུ་གསལ་བའི་དབྱེ་མཚམས་མེད་ལ་རྒྱུད་འདེད་དང་ཁོར་ཡུག འཚོ་བཅུད་སོགས་ཀྱི་ཤུགས་རྐྱེན་གྱིས་མི་འདྲ་བར་འབྱུང་།

དང་པོ། ཕྲུ་གུ་གསར་སྐྱེས་ཀྱི་དུས།

སྐྱེས་ནས་ཉིན་ཉེར་བརྒྱད་ཀྱི་བར་དུ་ཕྲུ་གུ་གསར་སྐྱེས་ཀྱི་དུས་ཟེར། མངལ་གནས་མོ་ཡིན་ན་མའི་ལུས་སུ་ཤ་མ་དང་མཚན་མའི་གཤེར་རྨེན་གྱིས་ཟགས་ཐོན་བྱས་པའི་མོ་གཤིས་སྐུལ་རྩིའི་ཤུགས་རྐྱེན་གྱིས་ཕྲུ་གུ་གསར་སྐྱེས་ལ་རྒྱུན་པར་ཕྱིའི་མཚན་མ་ཅུང་རྒྱས་ཤིང་ནུ་མ་ཅུང་ཙམ་འབུར་རམ་འོ་མ་ཉུང་ངུ་འདོན་སྲིད། སྐྱེས་ནས་ཤ་མའི་འཁོར་སྐྱོད་དང་ཁ་བྲལ་བ་དང་། ཁྲག་ཏུ་གནས་པའི་མོ་གཤིས་སྐུལ་རྩི་གློ་བུར་དུ་ཇེ་ཉུང་དུ་བྲི་བས་གསང་ལམ་ནས་ཁྲག་ཉུང་ཙམ་འདོན་སྲིད་ཀྱང་དེ་ནི་རྣམ་པར་མ་གྱུར་བ་སྟེ་དུས་ཡུན་ཐུང་ངུའི་ནང་རང་ཞིར་འགྲོ་ནུས་པ་ཡིན།

གཉིས་པ། བྱིས་པའི་དུས།

ལོ་བཞི་འཁོར་ནས་ལོ་བཅུ་གཉིས་ཡས་མས་ཀྱི་བར་ལ་བྱིས་པའི་དུས་ཟེར། ལོ་བཅུའི་ཡན་ཆོད་དུ་བྱིས་པ་རྣམས་འཚར་སྐྱེས་བྱེད་པ་ཤིན་ཏུ་མགྱོགས་ནའང་སྐྱེ་དབང་སྔར་བཞིན་གནས་ཤིང་གསང་ལམ་དོག་ཅིང་རིང་བ། སྟེང་པགས་སྲབ་ལ་ལྟེབ་གཉེར་མེད་པ། ཕྲ་ཕུང་གི་ནང་རོལ་དུ་མངར་གཞི་ཉུང་ཞིང་གསང་ལམ་གྱི་སྐྱུར་ཚད་དམའ་བ། རེད་འགོག་གི་ནུས་པ་དམན་པས་ནད་དེ་རིགས་འབྱུང་སླ། བུ་སྣོད་ཆུང་ཞིང་མངལ་སྐེ་རིང་བ། བུ་སྣོད་ཡོངས་ཀྱི་རིང་ཚད་ཀྱི་སུམ་ཆའི་གཉིས་ཟིན་པ། བུ་སྣོད་ཀྱི་ཤའི་རིམ་པ་ཡང་ཤིན་ཏུ་སྲབ་པ། ཁམས་འདྲེན་སྦུ་གུ་ཀྱོག་ཅིང་ཤིན་ཏུ་རིང་བ། བསམ་སེའུ་དོག་ཅིང་རིང་བ། ཁམས་ཝུ་མང་དུ་སྐྱེད་ནུས་ཀྱང་འཚར་སྐྱེ་བྱེད་པ་ཉུང་སྟེ། འཁུམ་ཞིང་འདུས་ཏེ་མེད་པར་འགྲོ་བ། བུ་སྣོད་དང་ཁམས་འདྲེན་སྦུ་གུ བསམ་སེའུ་བཅས་ཚང་མ་གསུས་ཁོག་ཏུ་གནས་ཤིང་ཚང་སྒམ་གྱི་འཇུག་སྒོར་ཉེའོ། བྱིས་པའི་དུས་ཀྱི་མཇུག་སྟེ་ཕལ་ཆེར་ལོ་བཅུ་ནས་བཟུང་བསམ་སེའུའི་ནང་གི་ཁམས་ཝུ་ལ་ས་བོན་བཅུད་རྩའི་མཚན་མའི་གཤེར་རྨེན་སྐུལ་བའི་སྐུལ་རྩིའི་ཤུགས་རྐྱེན་བྱས་ཏེ། འཚར་སྐྱེས་ངེས་ཅན་ཞིག་བྱེད་ལ། མཚན་མའི་གཤེར་རྨེན་ལ་ཡང་ཟགས་ཐོན་ནུས་པ་ཡོད་མོད། ཡོངས་སུ་སྨིན་པའི་དུས་སྐབས་ལ་སླེབ་མི་ནུས། དེའི་སྐབས་སུ་བསམ་སེའུ་ནི་དབྱིབས་འཇོང་ལེབ་ཏུ་འགྱུར་བ་དང་། བུད་མེད་ཀྱི་ཁྱད་ཆོས་འབྱིན་མགོ་རྩོམ། པགས་འོག་གི་ཚིལ་རྣམས་བྲང་དང་ཚང་ར། དཔུང་བའི་གནས་དང་མདོ་རུས་ཀྱི་མདུན་དུ་གསོག་པ། བུ་སྣོད་དང་། ཁམས་འདྲེན་སྦུ་གུ། བསམ་སེའུ་བཅས་ཀྱང་རིམ་བཞིན་མར་ཚང་སྒམ་དུ་འབབ་ཅིང་ནུ་མ་འཚར་སྐྱེས་བྱེད་མགོ་རྩོམ།

གསུམ་པ། ལང་ཚོའི་དུས།

ཟླ་མཚན་ཐེངས་དང་པོ་བབས་པ་ནས་སྐྱེ་དབང་རིམ་བཞིན་འཚར་སྐྱེ་ཀྱིས་ཡོངས་སུ་སྨིན་པའི་བར་ལ་ལང་ཚོའིདུས་ཟེར། འཛམ་གླིང་འཕྲོད་བསྟེན་ཚོགས་པས་ཐག་བཅད་བྱས་པའི་ལང་ཚོའི་དུས་ཀྱི་ལོ་ཚད་ནི་ལོ་བཅུ་ནས་བཅུ་དགུའི་བར་ཡིན། དུས་སྐབས་འདིའི་སྐྱེ་ལུགས་ཀྱི་ཁྱད་ཆོས་ནི།

༡.ལུས་བྱིངས་ཀྱི་འཚར་སྐྱེ། ལུས་བོངས་མྱུར་དུ་ཆེར་སྐྱེས་ཤིང་བུད་མེད་དར་མའི་ཚད་དུ་འགྲོ་བ།

༢.ལུས་ཀྱི་སྐྱེ་དབང་མི་འདྲ་བར་བརྟེན་ནས་ཕོ་མོའི་རྟེན་སོ་སོ་མཚོན་ནུས་པས་མཚན་མ་དང་། དེ་འཚར་སྐྱེས་བྱེད་པའི་དུས་རིམ་མི་འདྲ་བར་ལྟོས་ཏེ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་འབྱུང་དུ་ཡོད་པ་ལ་རིམ་བཞིན་མཚན་མའི་ཁྱད་ཆོས་དང་པོ་དང་། མཚན་མའི་ཁྱད་ཆོས་གཉིས་པའོ།། བསྡུས་ན་མཚན་ཆོས་དང་པོ་དང་མཚན་ཆོས་གཉིས་པ་ཞེས་འབོད་དོ། མཚན་ཆོས་དང་པོ་སྟེ་ཀླད་དེའུ་འོག་མ་དང་ས་བོན་བཅུད་རྩས་མཚན་མའི་གཤེར་རྨེན་སྐུལ་བའི་སྐུལ་རྩི་མང་དུ་ཟགས་ཐོན་བྱས་པ་དང་། བྱེད་ནུས་ཀྱང་ཆེར་གྱུར་པས་བསམ་སེའུའི་འཚར་སྐྱེས་ཇེ་མགྱོགས་དང་མཚན་མའི་སྐུལ་རྩིའི་ཟགས་ཐོན་བྱེད་ཚད་ཀྱང་ཇེ་མང་དུ་སོང་། ཕྱི་ནང་གི་སྐྱེ་དབང་ཡང་འཚར་སྐྱེ་བྱེད། ནང་སྒོས་སུ་ཕྱིའི་སྐྱེ་དབང་ནི་སྔར་གྱི་མ་སྨིན་པ་ནས་དར་མའི་རྣམ་པར་འགྲོ་སྟེ། མཚན་སྒང་འབུར་ཞིང་མཚན་མཆུ་ཆེ་བ་ཇེ་མཐུག་དང་། མཚན་མཆུ་ཆུང་བ་ཇེ་ཆེ་དང་མདོག་ཇེ་གསལ། གསང་ལམ་ཇེ་རིང་དང་ཇེ་ཆེར་འགྲོ་བ། གསང་ལམ་གྱི་འབྱར་སྐྱི་མཐུག་ཏུ་ཕྱིན་ཅིང་ལྟེབ་གཉེར་འབྱུང་། བུ་སྣོད་ཆེར་རྒྱས་ཤིང་པགས་རྫས་སུ་འཚར་སྐྱེས་ཀྱི་དུས་རིམ་མི་འདྲ་བར་གནས་པའི་ཁམས་ཝུ་མཐོང་ཐུབ། བསམ་སེའུ་ཕྱི་ངོས་ཀྱང་འབུར་ཀྱོང་མི་སྙོམས་པར་འགྱུར།

༣.མཚན་ཆོས་གཉིས་པ། སྐྱེ་འཕེལ་དབང་བོ་ཙམ་དུ་མ་ཟད། བུད་མེད་ཀྱི་སྒེར་ཆོས་གཞན་ཡང་མཐོང་སྟེ། སྐད་གསང་ཇེ་མཐོ། ནུ་མ་རྒྱས་ཤིང་ཁེངས་པ། རྨོངས་སྤུ་དང་མཆན་སྤུ་སྐྱེ་བ། ཚང་སྒམ་འཕྲེད་ཐིག་གི་འཚར་སྐྱེ་ནི་རྒྱབ་མདུན་ཐིག་ལས་ཆེ་བ། བྲང་དང་དཔུང་བའི་པགས་འོག་ཚིལ་ཇེ་མཐུག་ཏུ་འགྱུར་བ་བཅས་བུད་མེད་ཀྱི་ཐུན་མིན་ལུས་དབྱིབས་མངོན་པར་གསལ་ལོ། །

༤.ཟླ་མཚན་ཐོག་མ། ལང་ཚོའི་དུས་ཀྱི་མགོ་བཟུང་བའི་རྟགས་གཙོ་བོ་ཞིག་ཡིན། དུས་འདིར་སྐུལ་རྩི་སོ་སོའི་མང་ཉུང་གི་ཚད་ལ་ཆོས་ཉིད་ཅན་གྱི་འགྱུར་བ་འོང་ཞིང་། མོ་གཤིས་སྐུལ་རྩི་ཇེ་མང་དུ་ཕྱིན་ཏེ་ཚད་ངེས་ཅན་ཞིག་ནས་གློ་བུར་དུ་མར་བབས་ཏེ་ཟླ་མཚན་ཐོག་མ་འབབ་པའི་ལྷན་ཅིག་བྱེད་རྐྱེན་བྱེད་དོ།། བསམ་སེའུའི་བྱེད་ལས་ཡོངས་སུ་རྫོགས་མེད་པས་བུད་མེད་ཕལ་ཆེ་བར་ཟླ་མཚན་དང་པོའི་རྗེས་སུ་ཟླ་མཚན་དུས་འཁོར་གྱི་ཆོས་ཉིད་མི་གསལ་མོད་རིམ་གྱིས་རང་མལ་དུ་གནས་པར་འགྱུར།

༥.ལུས་ཀྱི་སྐུལ་རྩིའི་མང་ཉུང་གི་འགྱུར་བ། ལང་ཚོའི་དུས་ཀྱི་མགོར་མོ་གཤིས་སྐུལ་རྩི་མང་དུ་འཕེལ་ཏེ་ཚད་ངེས་ཅན་ཞིག་ཏུ་བསླེབས་ནའང་སེར་གཟུགས་སྐྱེད་བྱེད་སྐུལ་རྩི་འབྱུང་བའི་ཚད་དུ་བསླེབ་མི་ནུས་པས་ཟླ་མཚན་གྱི་དུས་འཁོར་རང་བཞིན་ཆེར་མི་གསལ་ཞིང་མང་ཆེར་འདི་དུས་ཁམས་དམར་གཏོང་བ་མེད་དོ།། སྙན་ཞུ་བྱས་པ་ལྟར་ན། ཟླ་མཚན་དང་པོའི་རྗེས་ཀྱི་ལོ་གཉིས་ཀྱི་ནང་བརྒྱ་ཆའི་ང་ལྔ་ནས་གོ་ལྔའི་བར་གྱི་ཟླ་མཚན་དུས་འཁོར་ལ་ཁམས་དམར་གཏོང་བའི་སྐབས་མི་མཐོང་ཟེར།

རྗེས་སོར་ཁམས་ཝུའི་ཕོག་ཐུག་རྒྱུ་ཇེ་མང་དུ་འཕེལ་བ་དང་བསྟུན་ནས་མོ་གཤིས་སྐུལ་རྩིའི་ཚད་ཀྱང་འཕེལ་ཏེ་བུད་མེད་དར་མའི་ཁམས་གཏོང་བའི་སྔོན་གྱི་ཆེས་མཐོ་བའི་ཚད་དེ་ལ་བསླེབས་ཤིང་། དུས་ཚོད་ངེས་ཅན་ཞིག་ལ་ཚུལ་དེ་རྒྱུན་སྐྱོང་བྱེད་ཅིང་ལྡོག་སྐྱེལ་གྱི་ནུས་པ་མངོན། སེར་གཟུགས་སྐྱེད་བྱེད་སྐུལ་རྩིའི་ཚད་ཆེས་མཐོ་བར་སླེབས་ཤིང་ཁམས་དམར་གཏོང་བའི་ཟླ་མཚན་གྱི་དུས་འཁོར་དུ་འགྱུར། དུས་འདིར་མངལ་སྦྲུམ་ནུས་ཙམ་ཡིན་ཡང་རོ་ཙའི་མ་ལག་ཡོངས་ཀྱི་བྱེད་ལས་རྫོགས་མེད།

བཞི་བ། མཚན་མ་སྨིན་པའི་དུས།

སྤྱིར་བཏང་ལོ་བཅོ་བརྒྱད་ཡས་མས་ནས་མགོ་རྩོམ་ཞིང་ཕལ་ཆེར་ལོ་སུམ་ཅུའི་རིང་བརྒྱུད། དུས་འདིར་བུད་མེད་རྣམས་རོ་ཙའི་ནུས་པ་རྒྱས་ཤིང་བསམ་སེའུའི་བྱེད་ལས་ཡོངས་སུ་སྨིན་པ། མཚན་མའི་སྐུལ་རྩི་ཟགས་ཐོན་བྱེད་ལ་དུས་འཁོར་རང་བཞིན་གྱིས་ཁམས་དམར་གཏོང་བའི་ཆོས་ཉིད་ཀྱང་གྲུབ་ཡོད། སྐྱེ་འཕེོལ་དབང་བོ་སོ་སོ་དང་ནུ་མར་ཡང་དུས་འཁོར་རང་བཞིན་གྱི་འགྱུར་བ་སྣ་ཚོགས་འོང་།

ལྔ་བ། རོ་ཙ་ཉམས་དུས།

འདིའི་དུས་ཡུན་གྱི་རིང་ཐུང་སོ་སོར་མི་འདྲ་བར་སྣང་། ལོ་བཞི་བཅུ་ནས་མགོ་འཛིན་ལ་ལོ་བཅུ་ལྷག་དང་མང་ན་ལོ་ཉི་ཤུའི་ཡུན་ཀྱང་འགོར། བསམ་སེའུ་བྱེད་ལས་རིམ་བཞིན་རྒུད་ཅིང་སྐྱེ་འཕེལ་དབང་བོ་འཁུམ་ཞིང་རྒུད་པ། རྟགས་ཀྱི་གཙོ་བོར་ཟླ་མཚན་སྐམ་ཆད་དུ་འགྱུར་བའོ། དེར་ཡང་ཟླ་མཚན་སྐམ་ཆད་ཀྱི་སྔ་གཞུག་གི་དུས་དང་བཅས་རིམ་པ་གསུམ་ཕྱེ་བ་སྟེ།

༡.ཟླ་མཚན་སྐམ་ཆད་ཀྱི་སྔུན་དུས། དུས་འདིར་བསམ་སེའུའི་ནང་གི་ཁམས་ཝུའི་གྲངས་མངོན་གསལ་གྱིས་ཇེ་ཉུང་དང་། ཁམས་ཝུའི་འཚར་སྐྱེས་མི་ལྡང་བ་བཅས་འབྱུང་། བུད་མེད་ཕལ་ཆེ་བར་ཟླ་མཚན་སྐམ་ཆད་ཀྱི་སྔུན་དུ་ཟླ་མཚན་དུས་འཁོར་མི་སྙོམས་པ་དང་ཁམས་དམར་མེད་པའི་ཟླ་མཚན་དུ་འགྱུར་བ་ཡིན།

༢.ཟླ་མཚན་སྐམ་ཆད། ལུགས་མཐུན་གྱི་ཟླ་མཚན་སྐམ་ཆད་ནི་བུད་མེད་ཀྱི་ཆེས་མཐའ་མཇུག་གི་ཟླ་མཚན་བབས་པ་ནས་སོ། བསམ་སེའུའི་ནང་གི་ཁམས་ཝུ་རང་ཤུགས་ཀྱིས་ཟད་ཅིང་། ལྷག་འཕྲོ་རྣམས་ཀྱང་ས་བོན་བཅུད་རྩའི་སྐུལ་རྩི་དང་འགྱུར་བ་འབྱུང་མི་ནུས། ཡིག་ཆ་ལྟར་ན། རང་རྒྱལ་གྱི་བུད་མེད་རྣམས་ཀྱི་ཟླ་མཚན་སྐམ་ཆད་ཀྱི་ཆ་སྙོམས་ཀྱི་ལོ་ཚད་ནི་ལོ་ཞེ་དགུ་ཙམ་རེད། བརྒྱ་ཆའི་བརྒྱད་ཅུ་ནི་ལོ་ཞེ་བཞི་ནས་ང་བཞིའི་བར་ཡིན། གལ་ཏེ་ལོ་བཞི་བཅུའི་སྔོན་དུ་ཟླ་མཚན་སྐམ་ཆད་དུ་གྱུར་ན་བསམ་སེའུའི་བྱེད་ལས་སྔ་རྒུད་ཟེར།

༣.ཟླ་མཚན་སྐམ་ཆད་ཀྱི་མཇུག་དུས། ཟླ་མཚན་སྐམ་ཆད་ཀྱི་དུས་སྟོད་ནས་བཟུང་བསམ་སེའུའི་བྱེད་ལས་དང་། ནང་གི་ཟགས་ཐོན་གྱི་བྱེད་ལས་རིམ་གྱིས་ཉམས་པ་དང་། སྐྱེ་འཕེལ་དབང་བོ་ཡང་འཁུམ་ཞིང་རྒུད་པར་བྱེད། བསམ་སེའུ་སྐུལ་རྩི་ཟད་པས་ཟླ་མཚན་སྐམ་ཆད་ཀྱི་དུས་སུ་ཁྲག་རྩ་དང་སེམས་ཁམས་སོགས་ལ་འབྲེལ་བའི་རྟགས་འབྱུང་བ་སྟེ། ཞོགས་པར་ཚ་རྒྱག་པ། རྔུལ་ཆུ་འདོན་པ། སེམས་ཁམས་མི་བདེ་ཞིང་གཉིད་ཡེར་བ། མགོ་ན་བ་སོགས་འབྱུང་།

དྲུག་པ། རྒ་བའི་དུས།

སྤྱིར་བཏང་ལོ་དྲུག་ཅུ་ལོན་པའི་བུད་མེད་ཀྱི་ལུས་ནི་རིམ་བཞིན་ཉམས་རྒས་སུ་འགྲོ་བ་སྟེ། རུས་པའི་སྲ་ཞན་པར་འགྱུར་བ། སྐྲ་ལ་སེ་མདའ་ཟུག་ཅིང་དཀར་པོར་འགྱུར་བ། སྐྲ་འབུད་པ། སོ་རྙིལ་དང་སོ་ནད་ཇེ་མང་དུ་འགྲོ་བ་དང་། སོ་འབུད་པ། ཟས་ཀྱི་ཡི་ག་ཆུང་དུ་འགྲོ་བ་དང་ཟས་མང་དུ་ཟ་བའམ་ཟས་དུས་ཡོལ་བ་ལྟ་བུ་རྒྱུན་གཏན་གྱི་འཚོ་བ་དང་ཅུང་མི་འཚམ་པ་བྱུང་ཚེ་མ་ཞུ་བ་འབྱུང་སླ་བར་འགྱུར། གཞན་ད་དུང་ཡིད་འཛིན་ཇེ་ཞན་དུ་འགྲོ་བ་དང་། བྱ་བ་ཆེ་ཆུང་གང་ལའང་སེམས་ཁུར་བྱེད་སྤྲོ་བ་སོགས་འོང་བ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།