མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་འཚོ་བཅུད་དང་བདེ་ཐང་ཚོད་ལྟའི་སློབ་གྲྭ་གཏན་ལ་ཕབ། 
2021.10.13 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 12

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ། ཞིང་ཆེན་ཆུ་གློག་ལས་རིགས་ལག་རྩལ་སློབ་གྲྭ། གྲོང་ཁྱེར་དང་ཁུལ་སོ་སོས་གཏན་འཁེལ་བྱས་པའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཉིས་བཅས་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་འཚོ་བཅུད་དང་བདེ་ཐང་ཚོད་ལྟའི་སློབ་གྲྭར་གཏན་འཁེལ་བྱས་ཤིང་། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་འཚོ་བཅུད་དང་བདེ་ཐང་སློབ་གྲྭ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།

《འཚོ་བཅུད་དང་བདེ་ཐང་སློབ་གྲྭ་འཛུགས་སྐྲུན་གྱི་ཕྱོགས་སྟོན》ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་དོ་དམ་དང་། བདེ་ཐང་སློབ་གསོ། ཟས་རིགས་བདེ་འཇགས། ཟས་རིགས་འཚོ་བཅུད་འགན་ལེན། འཚོ་བཅུད་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྒྲུབ། འགུལ་སྐྱོན་འགན་སྲུང་།  འཕྲོད་བསྟེན་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ཐད་གསར་འཛུགས་བྱ་འགུལ་སྤེལ་ནས། བྱིས་པ་དང་ན་གཞོན་ལོ་ཆུང་གི་འཚར་ལོངས་འབྱུང་བའི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། སློབ་གྲྭའི་འཚོ་བཅུད་དང་བདེ་ཐང་གི་འབྲེལ་ཡོད་དོ་དམ་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སློབ་མའི་བདེ་ཐང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། གསར་འཛུགས་ལས་དོན་གྱིས་སྔོན་ལ་ཚོད་ལྟ་བྱེད་པ། ས་གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།  ཚོད་ལྟའི་སློབ་གྲྭ་སོ་སོས《འཚོ་བཅུད་དང་བདེ་ཐང་སློབ་གྲྭ་འཛུགས་སྐྲུན་གྱི་ཕྱོགས་སྟོན》གྱི་འབྲེལ་ཡོད་གྲངས་ཚད་ཀྱི་གཏན་འཁེལ་ཚད་གཞི་དང་ཚད་ལྡན་ལྟར་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། འཛུགས་སྐྲུན་ཁྲོད་འབྲེལ་ཡོད་ཚད་གཞི་འཚོལ་ཞིབ་ཞིབ་རྒྱས་སུ་གཏོང་དགོས། དཔེ་སྟོན་ལ་མཐོང་ཆེན་བྱས་ཏེ་ལོ་གསུམ་གྱི་ནང་རང་ངོས་ཀྱི་རྒྱུ་རྐྱེན་དབང་གིས་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན(དཔེར་ན་ཟས་དུག་ཕོག་པ་དང་། འཚོ་བའི་འཐུང་ཆུའི་སྦགས་བཙོག འགོས་ནད་བྱུང་བ་སོགས)དང་། ལོ་གཉིས་ལ་བསྟུད་མར་འཕྲལ་བསྟུན་མ་ལག་འཐུས་ཚང་དུ་བཏང་མེད་པའི་རྐྱེན་གྱིས་འབྲེལ་ཡོད་ཀྱི་ཆད་པ་ཕོག་མྱོང་བའི་སློབ་གྲྭ་འཛུགས་སྐྲུན་ལ་འདེམས་ཤོག་གཅིག་གིས་ཁས་མི་ལེན་པའི་ལམ་ལུགས་ལག་ལེན་དུ་བསྟར་ཏེ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་ཟ་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཟས་རིགས་བདེ་འཇགས་དང་འཚོ་བཅུད་ལྡན་པའི་དོ་དམ་ལས་དོན་ནན་ཏན་གྱིས་ལེགས་སྒྲུབ་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབྲུག་མོ།