ཉེ་ཆར། མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་སྐུ་འབུམ་དགོན་པའི་བོད་སྨན་ཁང་དུ་སྨན་ཁང་གི་སྨན་པ་རྒན་གཞོན་ཡོངས་དང་། ཀན་སུའུ་དང་སི་ཁྲོན་སོགས་ནས་ཕེབས་པའི་ཆེད་ལས་སྨན་པ་བཞི་བཅུར་ཉེ་བ་ལྷག་གིས་དུས་ཡུན་ཟླ་བ་གཉིས་ཀྱི་རིང་ལ། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གི་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་རིགས་ཀྱི་སྨན་སྣ་སྦྱོར་བཟོའི་ཕྱག་ལེན་གདམས་པ་ལེགས་འགྲུབ་བྱུང་།
རེབ་འདིའི་གཞུང་ལུགས་ནང་དོན་དང་ལག་ལེན་སྦྱོར་བཟོའི་སྐོར་ལ་བོད་ཀྱི་གསོ་རིག་གི་སྨན་རྫས་རྩ་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། དེའི་ཡན་ལག་ཏུ་གྱུར་བའི་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་སྣ་བདུན་གྱི་སྦྱོར་བཟོ་བཅས་ཡིན་ལ། མིག་སྔར། གཞུང་ལུགས་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་སོགས་ཀྱི་སློབ་ཁྲིད་བྱས་ཏེ་མཇུག་སྒྲིལ་མཛད་སྒོ་སྤེལ།
དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུ་བཅས་ཀྱི་ལག་ལེན་ནི་བོད་སྨན་འདུལ་སྦྱོང་རིག་པ་ལས་ཆེས་ཚད་མཐོ་བ་དང་། དཀའ་ཚེགས་ཆེ་བ། འགྲུབ་དཀའ་བ། བརྒྱུད་ལྡན་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་དམར་ཁྲིད་ཀྱི་རེ་འདུན་ཤིན་ཏུ་མཐོ་བས་ཕྱོགས་ཡོངས་ནས་སྨན་ལས་ཀྱི་ཆ་རྐྱེན་འཛོམས་པོ་མེད་ན་ལག་ཏུ་ལེན་པར་ཤིན་ཏུ་དཀའ་བ་ཞིག་ཡིན་ལ། ལག་ལེན་གྱི་ཁུངས་ནི་དཔལ་ལྡན་རྒྱུད་བཞི་དང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལ་ཐུག་ཡོད་པ་དང་། སྨན་པའི་རྒྱལ་པོ་གཡུ་ཐོག་པ་ཡབ་སྲས་སོགས་ཀྱིས་རྒྱུད་ཕྱི་མར་ཇི་ལྟར་གསུང་བ་བཞིན་ཕྱག་བཞེས་མཛད་གནང་བ་དང་། ལྷག་པར་དུ་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་རང་གི་ཞལ་སློབ་རྗེ་རང་བྱུང་རྡོ་རྗེ་ལ་སྙན་བརྒྱུད་ཀྱི་གདམས་པ་ལྷུག་པོར་གནང་བ་ནས། བོད་ཀྱི་གསོ་རིག་གི་མཁས་དབང་མང་པོ་ནས་རིམ་གྱིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་ལགས་ཀྱི་བར་དུ་བརྒྱུད་ནས་གསོ་རིག་གི་བསྟན་པ་དར་སྤེལ་བྱས། མཁན་ཆེན་མཆོག་གིས་ལོ་རབས་བདུན་ཅུ་བ་ནས་བཟུང་མི་ལོ་སུམ་ཅུའི་རིང་ལ། མདོ་དབུས་ཁམས་གསུམ་གྱི་ཞལ་སློབ་མང་པོར་འདིའི་ཐད་ཀྱི་གཞུང་ལུགས་དང་ལག་ལེན་དམར་ཁྲིད་ཀྱི་གདམས་ངག་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་མཛད་རྗེས་བླ་ན་མེད་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་འདིའི་ལག་ལེན་གྱི་རྒྱུན་ལ་བྱིན་རླབས་ཀྱི་དྲོད་མ་ཡལ་བར་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་ཤར་ཡོད།
ཐེངས་འདིར་མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་ཕྱག་འདེབས་པ་པོ་མཆོག་སྤྲུལ་བཀྲ་ཤིས་རིན་པོ་ཆེ་མཆོག་གི་བཀའ་བསྐུལ་དང་། སྐུ་འབུམ་དགོན་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར། ད་དུང་སྐུ་འབུམ་བོད་སྨན་ཁང་གིས་ཕྱོགས་ཡོངས་ནས་ཆ་རྐྱེན་ཕུན་སུམ་ཚོགས་པོ་བསྐྲུན་པ་ལ་བརྟེན་ཞིང་། བཀྲ་ཤིས་རིན་པོ་ཆེ་མཆོག་གི་ཞལ་སློབ་རྒན་པ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། མཚོ་སྔོན་སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་རང་གི་དགེ་རྒན་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གི་དངོས་བརྒྱུད་ཕྱག་ལེན་ཇི་བཞིན་སློབ་མ་རྣམས་ལ་གཞན་ཕན་ལྷག་བསམ་དང་དཔེ་ཁྱུད་ཇི་ཡང་མེད་པ《བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིལ་བུའི་སྦྱོར་བཟོ་བཅས་ཀྱི་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་ནད་མེད་ཅིང་ཚེ་རིང་བ་ཨ་རུ་རྣམ་པར་རྒྱལ་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ》 ཞེས་པའི་དཔེ་ཆ་ཞིག་རྩོམ་སྒྲིག་གནང་བ་དང་། དེའི་ཐོག་ཏུ་སློབ་མ་རྣམས་ལ་གཞུང་ལུགས་སློབ་ཁྲིད་ཞིབ་རྒྱས་གནང་ཞིང་། ལྕགས་ཁམས་ཐལ་སྲེག་གི་ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་བ་སོ་སོར་བཟོ་བའི་ལག་ལེན་དང་། དངུལ་ཆུའི་གཡའ་ཕྱི་དུག་འདོན། ལྕི་འབིགས་བཙོ་བཀྲུས་འདུལ་བ། དགྲ་སྤྲད་རང་གཟུགས་བསྒྱུར་བ་བཅས་ཀྱི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན། རིན་ཆེན་རིལ་བུའི་རིགས་ལ་རིན་ཆེན་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། རིན་མང་སྦྱོར་ཆེན་མོ། གཡུ་རྙིང་ཉེར་ལྔ། དེའུ་དམར་བའི་རིན་ཆེན་བྱུ་དམར་ཉེར་ལྔ། དབང་རིལ་ཉེར་ལྔ། ཟུར་ལུགས་བཙོ་བཀྲུ་ཟླ་ཤེལ་ཆེན་མོ་བཅས་ཀྱི་སྨན་འདུལ་སྦྱོང་གི་ལག་ལེན་ཕྲ་ཞིང་ཕྲ་བ་རྣམས་བརྒྱུད་ལྡན་བླ་མ་དམ་པ་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གིས་ཕྱག་ལེན་གནང་མྱོང་བ་ཇི་བཞིན་ནན་ཏན་གྱིས་ལག་ལེན་དུ་འདེབས་ཐུབ་པ་བྱུང་ནས། འདིའི་ཁྲིད་རྒྱུན་ཚད་ལྡན་ཅན་གྱི་ཕྱི་རབས་སྨན་པ་རྣམས་ལ་སྤེལ་བ་དང་། ལྷག་པར་དུ་ལྕགས་ཁམས་ཐལ་སྲེག་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོ་ཚང་མ་རྟགས་དང་མཚན་མ་གཞུང་ན་ཇི་བཞིན་གསུང་ཡོད་པ་དེ་ལྟར་ལེགས་གྲུབ་བྱུང་། སྤྱི་ལོ1987 ལོར་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་མདོ་སྨད་རེབ་གོང་དུ་ཕེབས་ནས་ལྕགས་ཁམས་ཐལ་སྲེག་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུའི་རིགས་ཀྱི་སྦྱོར་བཟོ་གནང་སྐབས་ཁོང་གི་ཞལ་སློབ་དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་གྱིས་ཁོང་གི་དྲུང་ནས་ཕྱག་ལེན་གྱི་བརྒྱུད་པ་བླངས་ཤིང་། རྗེས་སུ་ལྷ་ས་དང་པེ་ཅིན་དུ་མཁན་པོ་མཆོག་གི་དྲུང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིལ་ནག་ཆེན་མོ་གཙོས་རིན་ཆེན་རིལ་བུའི་རིགས་ཀྱི་ལག་ལེན་མཛུབ་ཁྲིད་ཀྱི་དོགས་གཅོད་ཡང་ཡང་ཞུས་ལ། མཁན་པོ་མཆོག་གིས་ཆིག་བརྒྱུད་ཀྱི་གདམས་པ་ཡང་མང་དུ་བསྩལ་བར་མ་ཟད། ད་དུང་སྐུ་དངོས་ནས་དགེ་རྒན་དཀོན་མཆོག་རྒྱལ་མཚན་གྱི་ཟིན་བྲིས་ལ་ཞུ་དག་དང་ཁ་གསབ་མི་ཉུང་བ་གནང་ཞིང་། དགེ་རྒན་དཀོན་མཆོག་རྒྱལ་མཚན་མཆོག་ནས་ཀྱང་དུས་རྟག་ཏུ་བསམ་སྦྱོར་གཉིས་ཀྱིས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པར་བསྟེན་ནས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལུང་ཁྲིད་སོགས་མང་དུ་གསན་ཏེ། ཐེངས་འདིའི་རིན་ཆེན་རིགས་ཀྱི་སྨན་སྣ་བཙོ་ཐལ་སྦྱོར་བཟོའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་ལ་གཙོ་སྐྱོང་གནང་སྟེ། བོད་ཀྱི་གསོ་བ་རིག་པའི་བསྟན་པ་དར་རྒྱས་ཐད་ལ་ཐོད་རྒལ་རང་བཞིན་གྱི་བྱ་བ་ཡོངས་སུ་ལེགས་པར་གྲུབ་ཏེ་མཁན་པོ་མཆོག་གི་རིན་ཆེན་གསེར་ལས་ལྷག་པའི་ཕྱག་ལེན་གྱི་གདམས་པ་འདི་ཡང་དག་པར་རྒྱུན་འཛིན་བྱས་ཡོད་པ་རེད།།
རྩོམ་སྒྲིག་པ། འབྲུག་མོ།