ཀླད་ཁྲག་ཤོར་བའི་ནད་ནི་ཕྱི་རྨས་རང་བཞིན་མ་ཡིན་པའི་ཀླད་པའི་ཁྲག་རྩ་གས་པ་ལས་ཁྲག་ཤོར་ཏེ་ཤི་བའི་ཚད་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་སུམ་ཅུ་ཡིན་པ་ལས་གཞན། ཀླད་ཁྲག་ཤོར་བའི་ནད་མང་ཆེ་ཤོས་ནི་ཀླད་པའི་འཕར་རྩ་ཆུང་བ་སྲ་འགྱུར་བྱུང་སྟེ་གས་པ་ལས་བྱུང་བ་ཡིན་ལ། འཕར་རྩ་སྲ་འགྱུར་འབྱུང་བ་ནི་ཁྲག་ཤེད་མཐོ་བའི་རྐྱེན་ཡིན་པས། དེའི་མིང་ལ་ཁྲག་ཤེད་རང་བཞིན་གྱི་ཀླད་ཁྲག་ཤོར་བ་ཞེས་ཟེར་བ་དང་། ནད་ཐོག་ལག་ལེན་ཁྲོད་ཀླད་པའི་ནང་གི་འཕར་རྩ་ཆུང་བ་གས་པའི་དབང་གིས་ཀླད་ཁྲག་ཤོར་བའི་རིགས་ཧ་ཅང་མང་།
ཀླད་ཁྲག་ཤོར་བའི་རྒྱུ་རྐྱེན།
གཅིག ཁྲག་ཤེད་མཐོ་བ། ཁྲག་ཤེད་མཐོ་བ་ནི་ཀླད་ཁྲག་ཤོར་བའི་ཆེས་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་ཞིག་རེད། དུས་ཡུན་རིང་པོར་ཁྲག་ཤེད་མཐོ་ན་ཀླད་པའི་ཁྲག་རྩ་ཆུང་བར་གཤིས་འགྱུར་བྱུང་སྟེ། ཁྲག་རྩ་ཇེ་སྲབ་ཏུ་འགྲོ་བ་རེད། དེའི་རྐྱེན་གྱིས་ཁྲག་ཤེད་གློ་བུར་ཇེ་མཐོར་སོང་ཚེ་ཁྲག་རྩ་གས་ཏེ་ཀླད་ཁྲག་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།
གཉིས། གཅིན་སྙི་ཟ་ཁུའི་ནད་དང་འཕར་རྩ་འཇམ་འདྲའི་སྲ་འགྱུར་གཉིས་རྒྱུན་དུ་སྦྲགས་ནས་ཡོད། གཅིན་སྙི་ཟ་ཁུའི་ནད་པ་འདིའི་རིགས་ཀྱི་ཀླད་ཁྲག་ཤོར་བའི་ཉེན་ཁ་དེ་ཁྲག་ཧྭགས་རྒྱུན་ལྡན་ཡིན་པའི་མི་ལས་ལྡབ་འགའ་ཡིས་མཐོ་བ་རེད།
གསུམ། སེམས་པར་གཡོ་འགུལ་ཐེབས་པ། སེམས་པར་གཡོ་འགུལ་ཐེབས་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་ཤེད་གློ་བུར་ཇེ་མཐོར་འགྲོ་བས། ཀླད་ཁྲག་ཤོར་བའི་ཉེན་ཁ་ཧ་ཅང་ཆེ།
བཞི། ཆང་བག་མེད་དུ་འཐུང་བ། ཆང་བག་མེད་དུ་འཐུང་ན་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་ཁྲག་དཀག་གི་གྲུབ་ཚུལ་ལ་འགྱུར་ལྡོག་འབྱུང་བ་དང་། ཀླད་པའི་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་སོང་སྟེ། ཀླད་ཁྲག་ཤོར་བའི་ཉེན་ཁ་ཇེ་མཐོར་གཏོང་བ་རེད།
ལྔ། དུ་བ་འཐེན་པ། དུས་ཡུན་རིང་པོར་དུ་བ་འཐེན་ན་འཕར་རྩ་སྲ་འགྱུར་འབྱུང་བ་དང་། ཁྲག་རྩ་སོབ་སོབ་ཏུ་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བ་རེད། དམིགས་བསལ་གྱི་གནས་ཚུལ་འོག དུ་བ་མང་པོ་འཐེན་ན་ཁྲག་རྩ་དང་དབང་རྩ་སོགས་ཀྱི་མ་ལག་ལ་འགྱུར་ལྡོག་བྱུང་སྟེ། ཀླད་ཁྲག་ཤོར་བའི་ཉེན་ཁ་ཇེ་ཆེར་གཏོང་བ་རེད།
དྲུག གསུས་པའི་གནོན་ཤུགས་ཇེ་མཐོར་སོང་བ། ཁྲག་ཤེད་མཐོ་བའི་ནད་པར་རྒྱུན་དུ་བཤང་བ་འགག་པའི་གནས་ཚུལ་འབྱུང་བས། ནད་པས་བཤང་བ་ཤུགས་ཀྱིས་བཙིར་བའི་སྐབས་སུ་གསུས་པའི་གནོན་ཤུགས་གློ་བུར་ཇེ་མཐོར་སོང་སྟེ། ཀླད་ཁྲག་ཤོར་བའི་ཉེན་ཁ་ཇེ་མཐོར་གཏོང་བ་རེད།
བདུན། ཆུ་ཚ་མོས་ཁྲུས་བྱེད་པ། ཆུ་ཚ་མོས་ཁྲུས་བྱེད་པའི་སྐབས་སུ་ཁྲག་རྩ་རྒྱས་པ་དང་ཀླད་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་སོང་སྟེ་ཀླད་ཁྲག་ཤོར་བ་རེད།
བརྒྱད། གནམ་གཤིས་འགྱུར་བ། སྟོན་དགུན་གཉིས་ཀྱི་དུས་སུ་ཀླད་ཁྲག་ཤོར་བའི་ནད་པ་ཧ་ཅང་མང་། དེ་ནི་དགུན་ཁར་གནམ་གཤིས་ཧ་ཅང་འཁྱགས་པས་ཁྲག་རྩ་འཁུམ་པ་དང་ཁྲག་ཤེད་ཇེ་མཐོར་སོང་བའི་དབང་གིས་ཀླད་ཁྲག་ཤོར་བ་རེད།
དགུ། སྙིང་ནད་དང་ཁྲག་རྒྱུན་མ་ལག་གི་ནད་པ། པྲོག་དབྱིབས་སྙིང་ནད་དང་སྙིང་རྩ་འགག་པ། སྙིང་གི་ལྡིང་ཚད་མི་སྙོམས་པ། ཁྲག་ལེབ་ཆུང་བ་ཇེ་ཉུང་དུ་འགྲོ་བ། ཁྲག་དཀག་བྱེད་ལས་བར་གེགས་སོགས་ཀྱིས་ཀླད་ཁྲག་ཤོར་བའི་ནད་སློང་བ་རེད།
ཀླད་ཁྲག་ཤོར་བའི་ནད་ཀྱི་ནད་རྟགས།
གཅིག གློ་བུར་མགོ་བོ་ན་བ། མངོན་གསལ་གྱི་རྒྱུ་རྐྱེན་གང་ཡང་མེད་པར་གློ་བུར་དུ་མགོ་བོ་ན་བ་དང་། རིམ་གྱིས་རྒྱུན་མཐུད་རང་བཞིན་གྱི་མགོ་བོ་ན་བར་འགྱུར་བ།
གཉིས། རྐང་ལག་སྦྲིད་པའམ་ཤུགས་མེད་པ། ཀླད་ཁྲག་ཤོར་བའི་ནད་པ་མང་ཆེ་བ་ཞིག་ལ་ནད་མ་བྱུང་བའི་སྔོན་དུ་ངོ་གདོང་དང་དཔུང་བ། མཛུབ་མོ་སོགས་སྦྲིད་པ་དང་མཉམ་དུ། ལུས་སྟོད་དང་ཡང་ན་ལུས་སྨད་གང་རུང་ལ་ཤུགས་མེད་པར་གྱུར་ན་གནས་ཚུལ་ཧ་ཅང་ཚབས་ཆེན་རེད། དེ་ལས་གཞན་ད་རུང་ལག་པའི་སྤར་ཁ་བསྡམས་མི་ཐུབ་པ(དངོས་པོ་གང་རུང་ཞིག་ལག་ཏུ་ལེན་པའི་སྐབས་སུ་འཛིན་མི་ཐུབ་པ)དང་། ལུས་པོའི་གཞོགས་ཕྱེད་འགུལ་སྐྱོད་བདེ་བོ་མིན་པར་མ་ཟད་ད་རུང་སྐད་ཆ་ལྡབ་ལྡིབ་བཤད་པ་སོགས།
གསུམ། གློ་བུར་མིག་ཤུགས་ཉམས་པ། གློ་བུར་མིག་མདུན་ནག་ཡོབ་སེར་འགྲོ་བ་དང་ཡང་ན་གློ་བུར་མིག་ཤུགས་ཉམས་ཏེ། མིག་མདུན་རབ་རིབ་ཏུ་འགྱུར་པ་དང་ཐ་ན་བསྐྱར་གཟུགས་འབྱུང་བ།
བཞི། མགོ་ཡོམ་འཁོར་བ་དང་གོམ་པ་འཁྱར་འཁྱོར་སྤོ་བ། གློ་བུར་མགོ་ཡོམ་འཁོར་ཏེ་གོམ་པ་བརྟན་པོར་སྤོ་མི་ཐུབ་པའི་སྐབས་སུ་དོགས་ཟོན་བྱེད་དགོས།
ལྔ། གློ་བུར་གཉིད་ལ་ཞེན་པ་དང་དྲན་པ་ཉམས་པ། མི་ཁ་ཤས་ལ་ཀླད་ཁྲག་ཤོར་ལ་ཉེ་བའི་སྐབས་སུ་གཉིད་ལ་ཞེན་པའི་ནད་རྟགས་འབྱུང་བ་དང་། ཉིན་དཀར་ཡིན་ནའང་གཉིད་ལ་ཧ་ཅང་ཞེན་པ་དང་ལུས་པོར་ངལ་དུབ་བྱུང་སྟེ། ཇི་ལྟར་གཉིད་རུང་མི་འདང་བ་དང་ཐ་ན་དྲན་པ་ཤོར་བའི་གནས་ཚུལ་འབྱུང་བ་རེད།
སྔོན་འགོག་བྱེད་ཐབས།
གཅིག ཁྲག་ཤེད་མཐོ་བའི་ནད་པས་ངེས་པར་དུ་དུས་ལྟར་སྨན་འཐུང་སྟེ། ཁྲག་ཤེད་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས་པར་མ་ཟད། དུས་བཅད་ལྟར་བརྟག་དཔྱད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད།
གཉིས། གཅིན་སྙི་ཟ་ཁུའི་ནད་པས་རང་ཉིད་ཀྱི་ཁྲག་མངར་ལ་དོ་སྣང་ལེགས་པོ་བྱེད་པ་དང་། མགོ་ནང་གི་ཁྲག་རྩའི་གནས་ཚུལ་ལ་དུས་བཅད་ལྟར་བརྟག་དཔྱད་བྱེད་པ། དགོས་ངེས་ཀྱི་སྐབས་སུ་འཕར་རྩ་འཇམ་འདྲའི་སྲ་འགྱུར་གྱི་སྨན་འཐུང་དགོས།
གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། བྱ་བ་དང་འཚོ་བར་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། གཉིད་ཀྱིས་འདང་བ་ཁག་ཐེག་བྱས་ཏེ། ངལ་དུབ་ཆེན་པོ་མི་འབྱུང་བར་བྱེད་དགོས།
བཞི། འཇུ་སླ་བའི་ཟས་རིགས་བསྟེན་པ། སྲོག་ཆགས་ཀྱི་ཚིལ་སྣ་དང་མཁྲིས་རྒྱུ་གཤེར་རྩིའི་འདུས་ཚད་མཐོ་བའི་ཟས་རིགས་ཉུང་བསྟེན་བྱས་ཏེ། སིལ་ཏོག་དང་སྔོ་ཚོད། ཉ་རིགས་མང་དུ་བསྟེན་པ།
ལྔ། ཆང་དང་དུ་བ་གཅོད་པ། དུ་བས་འཕར་རྩ་སྲ་འགྱུར་འབྱུང་ཚད་ཇེ་མགྱོགས་སུ་གཏོང་བར་མ་ཟད། ཁྲག་རྩ་འཁུམ་འགྲོ་བའི་ཉེན་ཁ་ཆེ།
དྲུག སིལ་ཏོག་དང་སྔོ་ཚོད་མང་དུ་བཟའ་བ་དང་ཆུ་མང་པོ་འཐུང་ནས། རྩ་སྐམ་པ་སྔོན་འགོག་བྱེད་དགོས། དེ་མིན་རྩ་གཏོང་བའི་སྐབས་སུ་ཁྲག་ཤེད་གློ་བུར་ཇེ་མཐོར་འགྲོ་བའི་ཉེན་ཁ་ཆེ།
བདུན། དུས་ཚིགས་ཀྱི་འགྱུར་ལྡོག་ལ་མཉམ་འཇོག་བྱས་ཏེ། གྲང་འགོག་ཚ་གཡོལ་བྱེད་པར་དོ་སྣང་བྱེད་དགོས་ལ། གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཁྲག་ཤེད་གཡོ་འགུལ་ཆེན་པོ་འབྱུང་བ་འགོག་དགོས།
བརྒྱད། མར་ཙོག་པ་དང་ཡར་ལངས་བའི་སྐབས་སུ་འགུལ་སྐྱོད་ཇེ་དལ་དུ་གཏོང་བ་ལས། གློ་བུར་ཙོག་ལངས་དང་གློ་བུར་ཉལ་ལངས་བྱེད་མི་རུང་བ་བཅས་སོ། །
རྩོམ་སྒྲིག་པ། འབྲུག་མོ།