པྲོག་གསར་ནད་དུག་སྔོན་འགོག་སྐོར་གྱི་རྒྱུན་ཤེས་འགའ།
2021.11.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

གཅིག  པྲོག་གསར་ནད་དུག་གི་འགོ་ལམ་གཙོ་བོ།

པྲོག་གསར་ནད་དུག་གི་འགོ་ལམ་ལ་རིགས་གསུམ་ཡོད་དེ། དང་པོ་ནི་མཆིལ་ཟེགས་ལས་འགོས་པ་སྟེ། ནད་པས་ཧབ་སྦྲིད་རྒྱག་པའམ་གློ་ལུ་བྱེད་པ་དང་། སྐད་ཆ་བཤད་སྐབས་མཆིལ་ཟེགས་འཆོལ་བའམ་དབུགས་སྒོར་དབྱུང་བ་ཐད་ཀར་རྔུབ་ནས་འགོས་མཆེད་བྱུང་བ་ཡིན་ལ། ཡང་ན་མཆིལ་ཟགས་མཁའ་དབུགས་ཁྲོད་ཁྱབ་པ་ལས་འགོས་མཆེད་བྱུང་བ་རེད། གཞན་ཡང་རེག་ཐུག་ལས་འགོས་པ་སྟེ། མཆིལ་ཟེགས་དངོས་པོའི་སྟེང་འགོས་པ་དང་དེ་ལ་ལག་པའི་རེག་རྗེས་ཁ་དང་སྣ། མིག་གི་དབང་པོ་བརྒྱུད་ནས་འགོས་མཆེད་བྱུང་བ་རེད།

གཉིས། པྲོག་གསར་ནད་དུག་སྔ་རྗེས་གཉིས་ཀྱི་ནད་རྟགས་ཀྱི་ཁྱད་པར།

པྲོག་གསར་ནད་དུག་གི་ནད་རྟགས་སྔ་མའི་མངོན་ཚུལ་གཙོ་བོ་ལ། ལུས་ལ་ཚ་རྒྱག་པ་དང་། གྲེ་བ་ན་བ། སྐམ་ལུ་བྱེད་པ། དྲི་མི་ཚོར་བ། ལུས་ཡོངས་ན་བ་སོགས་ཀྱི་ནད་རྟགས་མངོན་པ་དང་། རྗེས་མའི་ནད་རྟགས་གཙོ་བོ་ལ། གྲེ་བ་ན་བ་དང་སྣ་ཆུ་བཞུར་བ། དྲི་མི་ཚོར་བ། ལུས་ཡོངས་ན་བ། མིག་དམར་པོ་འགྱུར་བ། མིག་སྐྱིའི་གཉན་ཚད་རྒྱས་པ། སིབ་བི་དང་པགས་འབྲུམ་མངོན་པ། ཁོག་པ་བཤལ་བ་དང་ན་བ། འདུ་ཤེས་ཉམས་པ། ཁ་སྣ་ནས་ཁྲག་འཛར་བ་སོགས་ཀྱི་ནད་རྟགས་མངོན་ཚུལ་ཡོད།

གསུམ། པྲོག་གསར་གློ་ཚད་སྔོན་འགོག་བྱེད་ཐབས།

ཁ་ཐུམ་རྒྱག་པ། ཕྱི་ལ་འགྲོ་དུས་ངེས་པར་དུ་སྨན་སྤྱོད་ཁ་ཐུམ་རྒྱག་དགོས། རབ་ཡིན་ན་རྐང་ཐང་དང་། ལྕགས་རྟ། ཡང་ན་སྒེར་གྱི་རླངས་འཁོར་བསྐོར་ན་ལེགས་ལ། སྤྱི་སྤྱོད་རླངས་འཁོར་ལ་འདུག་དུས་མགོ་མཇུག་བར་གསུམ་དུ་ཁ་ཐུམ་རྒྱག་དགོས་པ་དང་། རླངས་འཁོར་དུ་བསྡད་རྗེས་རླངས་འཁོར་ནང་གི་བདེ་ཐང་བཤེར་རིས་བཤེར་དགོས།

ལག་པ་བཀྲུ་བ། ཟ་མའི་སྔོན་དང་སྤྱོད་ཁང་དུ་བུད་རྗེས་དང་ཁ་བཏུམ་བླངས་པའི་རྗེས། གློ་ལུ་བའི་རྗེས། གད་སྙིགས་དང་སྲོག་ཆགས་ལ་རེག་པའི་རྗེས་བཅས་སུ་ཅིས་ཀྱང་ལག་པ་གཙང་མར་བཀྲུ་དགོས། ལག་པ་བཞུར་ཆུ་ནང་བཀྲུ་དགོས་པར་མ་ཟད། བཀྲུ་ཐབས་དྲུག་གི་གོ་རིམ་ལྟར་ལག་པ་གཙང་མར་བཀྲུ་དགོས།

ཁང་པའི་ནང་རླུང་རྒྱུ་བ། གཞུང་ལས་ཁང་ངམ་རང་གི་གཞིས་ཁང་དུ་དུག་སེལ་བྱེད་རྒྱུ་གལ་ཆེ་མོད། ཁང་པའི་ནང་རླུང་རྒྱུ་དེ་ལས་གལ་ཆེ། ཉིན་རེར་སྒེའུ་ཁུང་ཐེངས་གསུམ་རེར་ཕྱེ་བ་དང་། ཐེངས་རེར་རབ་ཡིན་ན་སྐར20ནས30ལ་ཕྱེ་དགོས།

ཟས་སྤྱོད། ལུས་སེམས་བདེ་བར་གནས་ཏེ་རྩོལ་བཅག་རན་པར་བྱ་རྒྱུ་རྒྱུན་འཁྱོངས་དང་། ཟས་རྗེན་རློན་ཟ་བྱེད་པར་འཛེམ་དགོས་ལ་ཟས་ཚོད་རན་པར་བསྟེན་པ། སྣུམ་ཉུང་ངུ་ཅན་བསྟེན་པར་འོས།

ལོགས་བཀར་བྱེད་པ། ཕྱི་རྒྱལ་ནས་ཡོང་བའམ། པྲོག་གསར་ནད་དུག་འགོས་མཆེད་ཚབས་ཆེ་བ་དང་འབྲིང་བའི་ས་ཁུལ་དུ་སོང་མྱོང་བ། ཡང་ན་དེ་གའི་མི་དང་ཐུགས་འཕྲད་ཡོད་པ། འགྲིམ་འགྲུལ་ཡོ་བྱད་གཅིག་ལ་བསྡད་མྱོང་བ་སོགས་དང་། གཞན་རང་ཉིད་སྡོད་སའི་ས་གནས་པྲོག་གསར་ནད་དུག་འགོས་མཆེད་ཆེ་བའི་ས་ཁུལ་ཡིན་ན་གཞིས་ཁུལ་ལ་ཡར་ཞུ་བྱས་རྗེས་རང་ཁྱིམ་དུ་ལོགས་བཀར་བྱེད་པའམ།  བཀོད་སྒྲིག་ལྟར་ལོགས་བཀར་བྱེད་དགོས།

ཉིང་སྐྱུར་བཤེར་འཇལ་བྱེད་པ། ཉིང་སྐྱུར་བཤེར་འཇལ་བྱེད་རྒྱུ་ནི་མིག་སྔར་པྲོག་གསར་ནད་དུག་འགོས་ཡོད་མེད་ལ་བརྟག་བྱེད་ཀྱི་ཐབས་ལམ་ཉག་གཅིག་ཡིན་པས། དེ་བཤེར་འཇལ་བྱེད་དུས་ངེས་པར་མཉམ་འཇོག་བྱེད་དགོས་པ་ནི་ལྟོ་སྟོང་ཡིན་དགོས་པ། མིད་པ་ནས་ཉིང་སྐྱུར་ལེན་དུས་ཕྱིར་མི་སྐྱུགས་པའི་ཆེད་མ་མཐའ་ཡང་ཆུ་ཚོད་གཉིས་ཀྱི་ནང་རོལ་དུ་ཟས་མི་ཟ་བ་དང་།  ཆུ་ཚོད་ཕྱེད་ཀའི་ནང་ཆུ་མི་འཐུང་བ། དུ་ཆང་མི་སྤྱོད་རྒྱུ་ཧ་ཅང་གལ་ཆེ། དེ་མིན་ཉིང་སྐྱུར་བཤེར་འཇལ་གྱི་བཤེར་འབྲས་ལ་གནོད་པ་ཐེབས་སྲིད།           གཞན་ཉིང་སྐྱུར་བཤེར་འཇལ་བྱེད་པར་གྲལ་སྒྲིག་དུས་ངེས་པར་ཁ་ཐུམ་རྒྱག་དགོས་པ་དང་། ཕན་ཚུན་གྱི་བར་ཐག་བཀྱེད་ནས་བར་ཐག་ལ་རྨི་གཅིག་འཇོག་དགོས།  ཉིང་སྐྱུར་བཤེར་འཇལ་བྱེད་པ་ལ་ཁེར་བཤེར་དང་བསྲེས་བཤེར་གཉིས་ཡོད་ལ། དུས་ཐོག་ཏུ་གོང་རིམ་ནས་གཏན་འཁེལ་བྱས་ཡོད་པའི་པྲོག་གསར་ནད་དུག་འགོས་མཆེད་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའམ། བདེ་ཐང་བཤེར་རིས་སེར་པོའམ་དམར་པོ་ཡིན་ན་ངེས་པར་དུ་ཉིང་སྐྱུར་ཁེར་བཤེར་བྱེད་དགོས།

འགོག་སྨན་རྒྱག་པ། པྲོག་གསར་ནད་དུག་གསར་པའི་འགོག་སྨན་རྒྱག་རྒྱུ་ནི་མིག་སྔར་འཛམ་གླིང་སྟེང་པྲོག་གསར་འགོག་བཅོས་ཀྱི་ཐབས་ལམ་ཉག་གཅིག་ཡིན། འགོག་སྨན་རྒྱག་སར་སྨན་པའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་འདྲི་དུས་སྦ་གསང་མེད་པར་བཤད་དགོས་པ་དང་། འགོག་སྨན་རྒྱག་དུས་ལྟོ་སྟོང་དུ་རྒྱག་མི་རུང་ལ། འགོག་སྨན་བརྒྱབ་རྗེས་ལམ་སང་ཁ་མི་འབྲལ་པར་སྐར་མ་སུམ་ཅུའི་རིང་ལ་ལྟ་ཞིབ་བྱེད་དགོས། ཆུ་ཚོད་ཞེ་བརྒྱད་རིང་ལ་རྩོལ་བཅག་རན་པར་བྱ་བ་དང་དུས་ལྟར་ངལ་གསོ་དགོས། གཟའ་འཁོར་གཅིག་ལྷག་གི་རིང་ལ་ཆང་འཐུང་མི་རུང་བ་དང་། ཚ་དང་སྣུམ་ཞགས་ཉུང་བའི་ཟས་རིགས་བསྟེན་པ། ཆུ་ཁོལ་མང་ཙམ་འཐུང་དགོས། མིག་སྔར་རིམས་འགོག་སྨན་ཁབ་གསུམ་ཡོད་པ་དང་། ཁབ་དང་པོ་བརྒྱབ་རྗེས་ཉིན་ཉེར་གཅིག་ནས་ང་དྲུག་གི་ནང་ཐོབ་ཐང་ལག་འཁྱེར་བཟུང་ནས་ཁབ་གཉིས་པ་རྒྱག་དགོས། ཁབ་གཉིས་པ་བརྒྱབ་རྗེས་ཟླ་དྲུག་གི་རྗེས་ཁབ་གསུམ་པ་རྒྱག་དགོས།།

རྩོམ་སྒྲིག་པ། འབྲུག་མོ།