སྨན་རྫས་དང་ཟས་རིགས་མཉམ་དུ་བསྟེན་པར་འཛེམ་དགོས་སམ།
2021.11.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ཨ་སི་ཕི་ལིན(阿司匹林)བསྟེན་སྐབས་ཆང་རག་དང་ཤིང་ཏོག་གི་ཁུ་བའི་རིགས་འཐུང་བར་འཛེམ་དགོས། ཆང་འཐུང་ན་མཆིན་པ་དང་སྙིང་ལ་གནོད་པ་ཐེབས་ཀྱིན་ཡོད་པར་མ་ཟད། ད་དུང་ནད་པའི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཤིང་ཏོག་གི་ཁུ་བ་དང་ཨ་སི་ཕི་ལིན་མཉམ་དུ་འཐུང་ན་ཕོ་བའི་ནང་སྐྱིར་ཟུག་གཟེར་བསླངས་ནས་འཇུ་ལམ་ནས་ཁྲག་རྡོལ་བའི་སྣང་ཚུལ་འབྱུང་ངེས།

ཧོང་ལེན་སུའུ(黄连素)བསྟེན་པའི་སྐབས་སུ་ཇ་རིགས་འཐུང་བར་འཛེམ་དགོས། འཐུང་ཇའི་ནང་གི་མཉེད་རིགས་ལུས་སྟེང་དུ་ཁྱབ་རྗེས་རོའུ་སྐྱུར་དུ་གྱུར་ནས་སྨན་གྱི་ནུས་པ་ཉམས་འགྲོ་བ་རེད།

ལུའོ་ཧྥུན(洛芳)བསྟེན་སྐབས་ཁོ་ཧྥེ་དང་ཁུ་ནག་འཐུང་བར་འཛེམ་དགོས། ལུའོ་ཧྥུན་བསྟེན་པའི་སྐབས་སུ་ཁོ་ཧྥེ་དང་ཁུ་ནག་འཐུང་ཚེ་ཕོ་བའི་ནང་སྐྱིར་ཟུག་གཟེར་བསླངས་ནས་འཇུ་ལམ་ནས་ཁྲག་རྡོལ་བ་དང་ཕོ་བ་རྡོལ་སླ་བ་རེད།

འཚོ་བཅུད་ཀལ་(钙片)རིགས་བསྟེན་པའི་སྐབས་སུ་ཚོད་ནག(菠菜)རིགས་ཟ་བར་འཛེམ་དགོས། ཀལ་ཕེན་རིགས་བསྟེན་པའི་སྐབས་སུ་ཚོད་ནག་ཟོས་ན། ལུས་ཁམས་ཀྱིས་འཚོ་བཅུད་ཀལ་རིགས་འཇུ་ལེན་བྱེད་མི་ཐུབ་པར་མ་ཟད། ད་དུང་ཚོད་ནག་སྟེང་གི་གྲུབ་ཆ་མང་པོ་ཞིག་སྲ་མོར་འགྱུར་བའི་ཉེན་ཁ་ཡོད།

དུག་སྲིན་འགོག་སྨན(抗生素)བསྟེན་པའི་སྐབས་སུ་འོ་མ་དང་ཤིང་ཏོག་གི་ཁུ་བ་འཐུང་བར་འཛེམ་དགོས། འོ་མས་དུག་སྲིན་འགོག་སྨན་གྱི་གསོན་ཤུགས་ཇེ་དམའ་རུ་གཏོང་བ་དང་། ཤིང་ཏོག་གི་ཁུ་བས་དུག་སྲིན་འགོག་སྨན་མྱུར་མོར་དབྱེ་ཕྲལ་བྱེད་ཀྱིན་ཡོད་པ་རེད།

ཚོར་ལྷག་འགོག་སྨན(过敏药)བསྟེན་པའི་སྐབས་སུ་ཞོ་དང་ཤ་རིགས་ཐོན་རྫས་ཟ་བར་འཛེམ་དགོས། ཚོར་ལྷག་འགོག་སྨན་བསྟེན་རྗེས་ཞོ་དང་ཤ་རིགས་ཐོན་རྫས་ཟོས་ན། མགོ་ཡུ་འཁོར་བ་དང་མགོ་བོ་ན་བ། སེམས་འཚབ་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

བཤལ་འགོག(止泻)སྨན་བསྟེན་པའི་སྐབས་སུ་འོ་མ་འཐུང་བར་འཛེམ་དགོས། བཤལ་འགོག་སྨན་བསྟེན་པའི་སྐབས་སུ་འོ་མ་འཐུང་ན། སྨན་གྱི་ནུས་པ་མི་ཐོན་པར་མ་ཟད། ད་དུང་ཁོག་པ་བཤལ་ཚད་ཇེ་སྡུག་ཏུ་འགྲོ་སྲིད།

པའོ་ཅ་གཅིན་འབེབ་སྨན(保钾利尿)བསྟེན་པའི་སྐབས་སུ་ངང་ལག་དང་ཚ་ལི་མ་ཟ་བར་འཛེམ་དགོས། པའོ་ཅ་གཅིན་འབེབ་སྨན་བསྟེན་པའི་སྐབས་སུ་ངང་ལག་དང་ཚ་ལི་མ་ཟོས་ན། ཐང་ཆད་པ་དང་དབུགས་ལེན་དཀའ་བ། ཐ་ན་གློ་བུར་དུ་སྙིང་ལྡིང་མཚམས་འཇོག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

ཕོ་བའི་སྨན་རོ་ཁའི་རིགས(苦味健胃药)བསྟེན་པའི་སྐབས་སུ་མངར་བའི་ཟས་རིགས་ཟ་བར་འཛེམ་དགོས། ཕོ་བའི་སྨན་རོ་ཁའི་རིགས་ཀྱིས་ནི་རོ་ཁ་བའི་ནུས་པས་མིའི་ཚོར་སྣང་དང་ཕོ་སྐྱི་ལ་སྨན་གྱི་ནུས་པ་སྟེར་གྱིན་ཡོད་པས། ང་ཚོས་མངར་ཟས་རིགས་བསྟེན་ན་རོ་ཁ་བའི་ཚོར་བ་ཤེས་མ་ཐུབ་པར་སྨན་གྱི་ནུས་པ་ཉམས་འགྲོ་བ་རེད།

ཁྲག་ཤེད་གཅོག་པའི་སྨན་རིགས་བསྟེན་པའི་སྐབས་སུ་ཞི་ཡིའུ་ཙི(西柚汁)ཟ་བར་འཛེམ་དགོས། ཞི་ཡིའུ་ཙིའི་ཤུན་ལྤགས་སྟེང་གི་གྲུབ་ཆ་ཞིག་གིས་མཆིན་པ་དང་སྙིང་གི་རྙིང་ཚབ་གསར་བརྗེར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས་དེར་གཟབ་དགོས།

སྨན་ཅི་རིགས་བསྟེན་པའི་སྐབསས་སུ་དུ་བ་འཐེན་པར་འཛེམ་དགོས། སྨན་བསྟེན་པའི་སྐབས་སུ་དུ་བ་འཐེན་ན་ཁྲག་ནང་གི་སྨན་རྫས་གར་ཚད་མར་ཆག་པ་དང་། སྨན་ནུས་འདོན་སྤེལ་བྱེད་དཀའ་བས། སྨན་གང་རུང་བསྟེན་རྗེས་ཆུ་ཚོད་སྐར་མ་སུམ་ཅུའི་རིང་ཐ་མག་འཐེན་མི་རུང་། །

རྩོམ་སྒྲིག་པ། འབྲུག་མོ།