ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན། “པྲོག་གསར་ནད་དུག་སྔོན་འགོག་བྱེད་པའི་འགོག་སྨན་ཁབ་གསུམ་པ་སྟེ‘རིམས་འགོག་སྣོན་ཁབ’རྒྱག་པ་ནི་འགོས་ནད་སྔོན་འགོག་དང་ནད་གཞི་ཚབས་ཆེན་དུ་འགྱུར་བ་སྔོན་འགོག་བྱེད་པའི་ཐད་དགོས་མཁོ་ཆེན་པོ་ཡོད”ཅེས་ཉེ་ཆར་ཀྲུང་གོ་བཟོ་འགོད་ཁང་གི་ཡོན་ཧྲིའམ། ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཟུར་གཏོགས་སྨན་ཁང་དང་པོའི་རྒྱལ་ཁབ་དབུགས་ལམ་མ་ལག་གི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲུང་ནན་ཧྲན་གྱིས་ཚོགས་པའི་སྣེ་ཁྲིད་དེ། ཧྲིན་ཀྲིན་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་དོན་སྤེལ་རེས་དང་མཛུབ་ཁྲིད་བྱེད་པར་ཕེབས་སྐབས་དེ་ལྟར་ནན་བཤད་གནང་།
ཀྲུང་ནན་ཧྲན་གྱིས་མིག་སྔར་འཛམ་གླིང་ཡོངས་ནས་བལྟས་ན། རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོབ་ནུས་པ་ནི་ལོ་ཕྱེད་ཙམ་ཡིན་པ་རེད། ལོ་ཕྱེད་ཙམ་འགོར་རྗེས། དེ་ལ་ཡོད་པའི་འགོག་གཟུགས་དང་རིམས་ཐར་གདོད་གཤིས་རང་བཞིན་ཇེ་དམའ་རུ་འགྲོ་སྲིད་པས། སྨན་ཁབ་གསུམ་པ་རྒྱག་རྒྱུ་ནི་ང་ཚོས་པྲོག་གསར་ནད་དུག་སྔོན་འགོག་བྱེད་པར་དགོས་ངེས་ཆེན་པོ་ཡོད་པས། ཚང་མར་རིམས་འགོག་སྣོན་ཁབ་རྒྱག་དགོས་པའི་སྐུལ་མ་གཏོང་དགོས་པར་སྙམ།
ཀྲུང་ནན་ཧྲན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ལོ་གསུམ་ནས་ལོ་བཅུ་གཅིག་བར་གྱི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་ཚད་ཧ་ཅང་མཐོ་བ་རེད། མིག་སྔའི་ཆེས་གནད་འགག་ནི་ལོ་ལོན་རྒན་པར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རེད། ལོ་ལོན་རྒན་པར་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་ཚད་ནི་དར་མ་དང་བྱིས་པ་ལས་དམའ་བས། ཁོ་ཚོ་ནི་པྲོག་གསར་ནད་དུག་་ཕོག་མཁན་གཙོ་བོའི་གྲས་རེད།
ཁོས་བཤད་རྒྱུར། ལོ་ལོན་རྒན་པར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཤུགས་སྣོན་བྱེད་པ་དང་། ད་ལོའི་ལོ་མཇུག་བར་ཆེས་ཉུང་མཐར་ཡང་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་ཆ་ཚང་རྒྱག་ཐུབ་པར་བརྩོན་ལེན་བྱེད་དགོས་ཟེར།
ཐེངས་འདིའི་རིམས་ནད་ཀྱི་གནས་ཚུལ་ལ་དམིགས་ནས་ཀྲུང་ནན་ཧྲན་གྱིས་བཤད་རྒྱུར། མིག་སྔར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནི་ཐེངས་འདིར་ནུབ་བྱང་ས་ཁུལ་དུ་ནད་མཆེད་ཚད་ཅུང་མཐོ་བས། རྗེས་འདེད་ཀྱི་དཀའ་ཚེགས་ཇེ་ཆེར་གྱུར་ཡོད། གཉིས་ནི་དགུན་ཁར་བྱང་ཕྱོགས་ཀྱི་མི་རྣམས་འདུ་འཛོམས་བྱེད་ཚད་ཇེ་མང་ཡིན་པ་དེ་རེད།།
རྩོམ་སྒྲིག་པ། འབྲུག་མོ།