རིམས་འགོག་སྣོན་ཁབ་ཅི་ལྟར་རྒྱག་དགོས་པ་དང་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།
2021.11.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

མིག་སྔར་རང་ཞིང་གིས་རིམས་འགོག་སྣོན་ཁབ་རྒྱག་མགོ་བརྩམས་ཟིན་པས་དེ་ཅི་ལྟར་རྒྱག་དགོས་པ་དང་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་པའི་སྐོར། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་མཁས་པས་ལན་གསལ་བོར་བཏབ་ཡོད་དེ།

གཅིག ཅི་ཞིག་ལ་རིམས་འགོག་སྣོན་ཁབ་ཟེར།

གཟབ་ནན་སྒོས་བཤད་ན། རིམས་འགོག་ནུས་པར་ཤུགས་བསྣན་ནས་སྲ་བརྟན་དུ་གཏོང་བ་སྟེ། དེ་ནི་རྒྱུན་ལྡན་གྱི་གོ་རིམ་ལྟར་འགོག་ཁབ་བརྒྱབ་རྗེས་འགོག་གཟུགས(སྲུང་སྐྱོབ་ཀྱི་ཕན་འབྲས)ཇེ་ཞན་དུ་གྱུར་བའི་གནས་ཚུལ་ལ་གཞིགས་ནས་ཁ་གསབ་འགོག་ཁབ་རྒྱག་པ་དེ་ཡིན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་བརྒྱབ་རྗེས། མིའི་ལུས་སྟེང་གི་འགོག་གཟུགས་ནུས་པ་ཇེ་ཞན་དུ་གྱུར་བའི་གནས་ཚུལ་ལ་དམིགས་ནས་ཡང་བསྐྱར་འགོག་ཁབ་ཐེངས་གཅིག་རྒྱག་དགོས་པ་རེད།

གཉིས། ཅིའི་ཕྱིར་རིམས་འགོག་སྣོན་ཁབ་རྒྱག་དགོས།

པྲོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་དུས་ཡུན་འགོར་བ་དང་བསྟུན་ནས་མི་ལ་ལའི་ལུས་སྟེང་གི་པྲོག་གསར་ནད་དུག་གི་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས་རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོབ་ནུས་པའང་ཉམས་ཞན་དུ་གྱུར་བར་བརྟེན། རིམས་འགོག་སྣོན་ཁབ་རྒྱག་དགོས་པ་རེད།  ལུས་སྟེང་གི་རིམས་འགོག་ནུས་པར་ཤུགས་བསྣན་རྗེས། རིམ་བཞིན་ཉམས་ཞན་དུ་གྱུར་བའི་འགོག་གཟུགས་མགྱོགས་མྱུར་ངང་ཇེ་བརྟན་དུ་གྱུར་ནས་སྲུང་སྐྱོབ་ཀྱི་ཕན་འབྲས་ལེགས་པོ་ཐོན་དུ་འཇུག་ཐུབ་པས། འགོ་སླ་བའི་མི་ཚོགས་ལ་སྲུང་སྐྱོབ་དང་རིམས་ནད་མཆེད་པར་ཚོད་འཛིན་ནན་མོ་བྱེད་ཐུབ།

གསུམ། རིམས་འགོག་སྣོན་ཁབ་དེ་བདེ་འཇགས་ཡིན་ནམ།

བདེ་འཇགས་ཡིན་ཏེ། མིག་སྔར་ཀྲུང་ལུགས་སྨན་རྫས་ཀྲུང་ཧྲིན་ཚད་ཡོད་ཀུང་སི་དང་པེ་ཅིན་ཁི་ཞིན་ཚད་ཡོད་ཀུང་སི་གཉིས་ཀྱིས་སོ་སོར་པྲོག་གསར་རིམས་འགོག་སྣོན་ཁབ་ལ་ཞིབ་འཇུག་བྱས་པ་ལས། རིམས་འགོག་སྣོན་ཁབ་དེའང་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་ལྟར་བདེ་འཇགས་ཡིན་པ་ར་སྤྲོད་བྱས་ཡོད།

བཞི། མི་གང་དག་ལ་རིམས་འགོག་སྣོན་ཁབ་རྒྱག་དགོས་པ་ཡིན།

རྒྱལ་ཁབ་དང་རང་ཞིང་གི་བཀོད་སྒྲིག་ལྟར་ན། མིག་སྔར་རིམས་འགོག་སྣོན་ཁབ་ནི་ཐོག་མར་པྲོག་གསར་ནད་དུག་གི་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་ཚང་མ་བརྒྱབ་ནས་ཟླ་དྲུག་འགོར(ཉིན180)ཟིན་པའི་གཙོ་གནད་མི་ཚོགས་ལ་རྒྱག་དགོས། དེའི་ནང་གཙོ་བོ་གནམ་གྲུ་ཐང་དང་། འགག་སྒོ། མཐའ་མཚམས་ཞིབ་བཤེར། སྨན་ཁང་སོགས་ནད་དུག་འགོ་བའི་ཉེན་ཁའི་ལས་གནས་སུ་ཡོད་པའི་མི་ཚོགས་དང་སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་སྐྱོད་ལ་ཁག་ཐེག་བྱེད་པའི་འགག་རྩའི་ལས་གནས་སུ་ཡོད་པའི་མི་ཚོགས་དང་དེ་བཞིན་ལོ་དྲུག་ཅུ་ཡན་གྱི་གཙོ་གནད་མི་ཚོགས་སོགས་འདུས་ཡོད་པ་རེད།

ལྔ། རིམས་འགོག་སྣོན་ཁབ་གང་དུ་སོང་ནས་རྒྱག་དགོས།

ས་གནས་རང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་པའི་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་སར་སོང་ནས་བརྒྱབ་ཆོག

དྲུག  རིམས་འགོག་སྣོན་ཁབ་རྒྱག་པར་མཉམ་འཇོག་བྱེད་དགོས་སའམ་འཛེམ་བྱའི་སྐོར་གང་དག་ཡོད་དམ།

པྲོག་གསར་ནད་དུག་གི་འགོག་ཁབ་རྒྱག་སྐབས་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་ལྟར། རྒྱུན་པར་ཧ་ཅང་མཉམ་འཇོག་བྱེད་དགོས་སའམ་འཛེམ་བྱའི་སྐོར་ལ། འགོག་ཁབ་དང་ཡང་ན་འགོག་ཁབ་ཀྱི་གྲུབ་རྫས་གང་རུང་མི་འཕྲོད་པའི་རིགས། མྱུར་བའི་རང་བཞིན་གྱི་ནད་ཕོག་ཡོད་མཁན། དལ་བའི་རང་བཞིན་གྱི་ནད་བྱུང་ཡོད་པའི་ནད་པར་གློ་བུར་དུ་ནད་གཞི་ཡང་བསྐྱར་འཕར་བའི་སྐབས། ཚ་རྒྱག་བཞིན་པའི་མི། སྦྲུམ་མ་བཅས་ཀྱིས་ཐད་ཀར་རྒྱག་མི་རུང་བར་མི་སྒེར་གྱི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ནས་ཞིབ་ཕྲའི་སྒོ་ནས་སྨན་པར་བློ་འདྲི་བྱེད་དགོས།

བདུན། རིམས་འགོག་སྣོན་ཁབ་རྒྱག་སྐབས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།

རིམས་འགོག་སྣོན་ཁབ་རྒྱག་སྐབས། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་པྲོག་གསར་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་བརྒྱབ་པའི་འཛིན་ཡིག་བཅས་བཟུང་ནས་སྟོན་དགོས། སྣོན་ཁབ་བརྒྱབ་རྗེས་གནས་དེ་ནས་མྱུར་དུ་ཁ་མི་འབྲལ་བར་དུས་ཡུན་སྐར་མ་སུམ་ཅུའི་རིང་ལ་ལྟ་ཞིབ་བྱེད་དགོས། ཁྱིམ་དུ་ལོག་རྗེས་ཆུ་ཁོལ་མང་དུ་འཐུང་ཞོར་ངལ་བཟང་པོ་གསོ་བ་དང་། ཁབ་བརྒྱབ་ཤུལ་གཙང་མར་འཇོག་དགོས་པ་ལས་འཕུར་མཉེད་དང་བཙིར་གནོན་སོགས་བྱེད་མི་རུང་།

བརྒྱད། རིམས་འགོག་སྣོན་ཁབ་རྒྱག་པ་དང་དེ་ལས་གཞན་པའི་འགོག་ཁབ་རྒྱག་པའི་བར་དུས་ཡུན་ག་ཚོད་འགོར་དགོས།

གལ་ཏེ་ད་རུང་འགོག་ཁབ་གཞན་པ་རྒྱག་དགོས་ན། མ་མཐའ་ཡང་ཉིན་བཅུ་བཞི་འགོར་དགོས། འོན་ཀྱང་གལ་ཏེ་ཁྱིས་རྨུགས་པའམ་ཕྱི་རྨས་སོགས་ལ་མྱུར་དུ་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་དང་འཛུམ་བུ་ལྟག་དགྱེའི་རིམས་འགོག་སྨན་ཁབ་རྒྱག་པའམ་རིམས་འགོག་ཟླུམ་སྤྲིར་རྒྱག་དགོས་ཚེ། བར་ཐག་གི་དུས་ཡུན་ལ་བསམ་བློ་མི་གཏོང་བར་བྱེ་བྲག་གི་གནས་ཚུལ་སྐོར་སྨན་པར་བློ་འདྲི་བྱེད་དགོས།

དགུ། རིམས་འགོག་སྣོན་ཁབ་རྒྱག་པར་སྨན་རིན་སྟེར་དགོས་སམ།

སྨན་རིན་སྟེར་མི་དགོས་པ་ཡིན།

བཅུ། རིམས་འགོག་སྣོན་ཁབ་རྒྱག་པའི་རྩ་དོན་ལག་བསྟར་བྱེད་ཐབས།

འགོག་ཁབ་རྒྱག་མཁན་གྱིས་མོས་མཐུན་དང་རང་མོས། རིན་མེད་བཅས་ཀྱི་སྨན་ཁབ་རྒྱག་པའི་རྩ་དོན་རྟོགས་དགོས།

རྩ་དོན་ཐོག་པྲོག་གསར་འགོག་ཁབ་ཐེངས་གཉིས་པ་དང་རིགས་གཅིག་པའི་རིམས་འགོག་སྨན་ཁབ་བཀོལ་ནས་རིམས་འགོག་སྣོན་ཁབ་ཐེངས་གཅིག་རྒྱག་དགོས། གལ་ཏེ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་དང་རིགས་འདྲ་བའི་འགོག་ཁབ་མུ་མཐུད་དུ་མཁོ་སྤྲོད་བྱེད་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ལ་ཐུག་ན། རིམས་འགོག་སྨན་ཁབ་ཐེངས་དང་པོ་དང་རིགས་གཅིག་པའི་རིམས་འགོག་སྨན་ཁབ་བཀོལ་ནས་རིམས་འགོག་སྣོན་ཁབ་བརྒྱབ་ཆོག གཤེར་རྨེན་ནད་དུག་ཐེག་བྱེད་གྱི་རིམས་འགོག་སྨན་ཁབ་རྒྱག་མཁན་ཚོས་དེ་སྔའི་པྲོག་གསར་འགོག་ཁབ་རྒྱག་སར་སོང་ནས་རིམས་འགོག་སྣོན་ཁབ་རྒྱག་དགོས།

ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་གསལ་འདེབས་བྱས་དོན། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པར་ད་དུང་དམིགས་བསལ་གྱི་ཕན་ནུས་ལྡན་པའི་སྨན་ཞིག་མེད་པས། པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་ནི་པྲོག་གསར་གློ་ཚད་སྔོན་འགོག་བྱེད་པའི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་རེད།  ད་དུང་པྲོག་གསར་ནད་དུག་གི་འགོག་ཁབ་ཐེངས་དང་པོ་དང་གཉིས་པ་བརྒྱབ་ཚར་མེད་པའི་མིས་གང་མགྱོགས་སྒོས་རྒྱག་དགོས་པ་དང་། དེ་བཞིན་རིམས་འགོག་སྣོན་ཁབ་བརྒྱབ་ཆོག་པའི་མིས་མྱུར་དུ་རིམས་འགོག་སྣོན་ཁབ་རྒྱག་དགོས།།

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།