ཁོང་ཡུང་གིས་འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་དང་མྱུར་སྐྱེལ་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།
2021.11.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་ནང་འདྲེན་འཁྱག་ཉར་ཟས་རིགས་ལྟ་སྐུལ་དོ་དམ་སྤྱིའི་མཛོད་ཁང་དང་། མཚོ་སྔོན་ཧྲུན་ཧྥིན་མྱུར་སྐྱེལ་ཚད་ཡོད་ཀུང་སི་སྐྱེལ་སྤྲོད་ལྟེ་གནས་དང་མཚོ་སྔོན་ཡུན་ཏཱ་མྱུར་སྐྱེལ་ཚད་ཡོད་ཀུང་སི་སྐྱེལ་སྤྲོད་ལྟེ་གནས་བཅས་སུ་སོང་ནས་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཁོང་ཡུང་གིས་བསྟན་དོན། དགུན་ཚུགས་པ་དང་བསྟུན་ནས། འཁྱག་ཉར་ཟས་རིགས་སྐྱེལ་འདྲེན་དང་མྱུར་སྐྱེལ་དངོས་ཟོག་མུ་མཐུད་དུ་ཇེ་མང་དུ་སོང་བ་དང་། རིམས་ནད་འགོག་སྡོམ་བྱ་བའི་གནོན་ཤུགས་ཀྱང་ཇེ་ཆེར་གྱུར། འཁྱག་ཉར་ཟས་རིགས་མཛོད་ཁང་དང། དངོས་ཟོག་སྐྱེལ་སྤྲོད་ལྟེ་གནས་ནི་དངོས་པོ་ལས་ནད་དུག་འགོག་པའི་འགག་སྒོ་དང་པོ་ཡིན་པས། ངེས་པར་དུ་མི་དང་དངོས་པོའི་ནད་དུག་མཉམ་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། འགག་སྒོ་དམ་སྲུང་དང་རང་བདག་ཡག་པོ་བྱེད་པ་དང་།  འགོག་སྲུང་དྲ་རྒྱ་ཇེ་དམ་དུ་བཏང་ནས། འཁྱག་ཟས་རིགས་ཀྱི་འཁོར་སྐྱོད་དངོས་ཟོག་དང་མྱུར་སྐྱེལ་དངོས་ཟོག་རིམས་ནད་འགོས་ལམ་དུ་འགྱུར་དུ་འཇུག་མི་རུང་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། བསམ་བློའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་བྱ་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལྟར་དུ། རིམས་ནད་འགོག་སྡོམ་བྱ་བའི་བྱེད་ཐབས་སྣ་ཚོགས་དངོས་སུ་དངོས་འབེབས་བཟང་པོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་འགག་སྒོ་བརྟན་སྲུང་བྱེད་དགོས། ནང་འདྲེན་འཁྱག་ཟས་རིགས་དང་མྱུར་སྐྱེལ་ལས་རིགས་ཀྱིས་འགོག་སྲུང་བྱེད་ཐབས་སྣ་ཚོགས་ཚད་ལྡན་ཅན་ཡིན་པར་ཁག་ཐེག་བྱེད་དགོས་ལ། ལས་བྱེད་མི་སྣའི་འགོག་སྲུང་གསོ་སྦྱོང་བྱ་བ་དང་། ས་ཁུལ་བགར་ནས་འགོག་སྡོམ་དོ་དམ་བྱེད་པ། ཉིང་སྐྱུར་བཤེར་འཇལ་ཞིབ་བཤེར་དང་རང་ཉིད་འགོག་སྲུང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ལ་དུག་སེལ་དང་། བརྟག་འཇལ། ཕྱིར་འདོན་ནང་འཇུག་གི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་སོགས་ལ་དམ་དུ་དམིགས་ནས། དངོས་ཟོག་དང་ཁོར་ཡུག་བརྟག་འཇལ་བྱེད་གྲངས་ཇེ་མང་དུ་གཏོང་བ་དང་། མྱུར་སྐྱེལ་ཞབས་ཞུའི་ཚད་གཞི་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་སྟེ། དངོས་ཟོག་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པར་བྱས་ནས་རྒྱ་ཆེའི་འཛད་སྤྱོད་པའི་སེམས་བདེ་རུ་འཇུག་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། ལས་རིགས་ཁག་གིས་འགོག་སྡོམ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས། ས་གནས་སྲིད་གཞུང་གིས་ཆེད་དུ་འགོག་སྡོམ་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ནས། རིམས་ནད་འགོག་སྡོམ་བརྟན་པོ་བྱེད་དགོས།། 

རྩོམ་སྒྲིག་པ། འབྲུག་མོ།