དཀར་པོ་ཆིག་ཐུབ་ཀྱི་བསྟེན་ཐབས།
2024.01.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མི་རྣམས་ཆ་རྒྱུས་གསལ་པོ་ཡོད་པའི་ཁམས་གསོ་སྨན་རྫས་ཆེས་བཟང་པོ་ནི་དཀར་པོ་ཆིག་ཐུབ་ཡིན་ལ། དཀར་པོ་ཆིག་ཐུབ་བསྟེན་པའི་དུས་ཚིགས་ཆེས་བཟང་པོ་ནི་དགུན་དུས་ཡིན། ཀྲུང་ལུགས་སྨན་གཞུང་དུ་དཀར་པོ་ཆིག་ཐུབ་ཀྱིས་དོན་སྣོད་གསོ་ཞིང་སེམས་པ་བདེ་ལ་འབབ་པར་བྱེད་པ་དང་། འཇིགས་སྐྲག་དང་མི་གཙང་བ་སེལ་བར་མ་ཟད་མིག་གསལ་བར་བྱེད་པ་དང་བློ་སྟོབས་རྒྱས་ཤིང་བློ་རིག་འཕེལ་བར་བཤད།

གནས་ཚུལ་ཇི་འདྲའི་འོག་ཏུ་དཀར་པོ་ཆིག་ཐུབ་བསྟེན་དགོས།

གཅིག ཕོ་རླུང་ཞན་པའི་མི་ལ་དགུན་ཁར་སྣ་ཆུ་བཞུར་བ་དང་རྐང་ལག་འཁྱག་པ། གཅིན་པ་དྭངས་མོ་ཡིན་པ་དང་མཚན་གཅིན་མང་བ་སོགས་ཀྱི་ནད་རྟགས་ཡོད་པས། མི་འདི་དག་གིས་སྨན་པའི་ཁྲིད་སྟོན་འོག་དཀར་པོ་ཆིག་ཐུབ་བསྟེན་ན། ཕོ་རླུང་རྒྱས་ཤིང་གྲང་རླུང་སེལ་ལ་ལུས་སྟོབས་རྒྱས་པར་བྱེད།

གཉིས། ཀྲུང་ལུགས་སྨན་པས་བཤད་པ་ལྟར་ན། དལ་གཤིས་གློ་ཡུའི་གཉན་ཚད་དང་གཅིན་ཟགས་པ། ཕྱིད་རྨས་ཐེབས་པ་སོགས་ལ་མཁལ་མའི་མེ་དྲོད་ཉམས་པའི་སྣང་ཚུལ་ཡོད་ལ། དེ་སྔོན་འགོག་དང་གསོ་བཅོས་བྱེད་ཐབས་ཆེས་ལེགས་པོ་ནི་ལུས་ཁམས་གསོ་རྒྱུ་དེ་རེད། དགུན་ཁར་གོང་གི་ནད་རྟགས་དེ་དག་ཡོད་པའི་ནད་པས་སྨན་པའི་ངག་བཞིན་དཀར་པོ་ཆིག་ཐུབ་བསྟེན་ཆོག

གསུམ། དབུགས་འཚང་དང་གཞང་འབྲུམ་སོགས་ཀྱི་ནད་རིགས་ནི་དཔྱིད་ཀ་དང་དབྱར་ཁའི་ཚབས་ཆེ་བའི་ནད་རིགས་ཡིན་ནའང་། དབྱར་ཁའི་ནད་རིགས་དགུན་ཁར་གསོ་བའི་བྱེད་ཐབས་སྤྱད་ཆོག གོང་གི་ནད་པ་དེ་དག་གིས་དགུན་ཁར་དཀར་པོ་ཆིག་ཐུབ་བསྟེན་ན་བསམ་ཡུལ་ལས་འདས་པའི་ཕན་འབྲས་ཐོན།

དཀར་པོ་ཆིག་ཐུབ་ཀྱི་རྒྱུན་མཐོང་གི་བསྟེན་ཐབས།

ཆུ་ཁོལ་དུ་སྦང་ནས་འཐུང་བ། དཀར་པོ་ཆིག་ཐུབ་ལེབ་མོར་གཙབ་རྗེས་ཆུ་འཁྱག་གིས་གཙང་མར་བཀྲུ་བ་དང་། ཕོར་བའི་ནང་བཞག་ནས་ཆུ་ཁོལ་གྱིས་སྦང་དགོས། ཡང་ན་སླ་ངའི་ནང་དུ་ཆུ་བླུགས་རྗེས་དེའི་ནང་དུ་དཀར་པོ་ཆིག་ཐུབ་ལེབ་མོ་འགའ་འཕོངས་ལ་གདུ་རུ་བཅུག་རྗེས་འཐུང་ཆོག དེ་ལྟར་ཐེངས་འགར་སྦང་རྗེས་དཀར་པོ་ཆིག་ཐུབ་ཀྱི་བྲོ་བ་མེད་པར་འགྱུར་ལ། དེ་དུས་དཀར་པོ་ཆིག་ཐུབ་ལེབ་མོ་དེ་ལྡད་དེ་ཟོས་པས་ཆོག

ཁུ་བ་གདུ་བ། དཀར་པོ་ཆིག་ཐུབ་ལེབ་མོར་གཙབ་རྗེས། ཤ་ཁུ་དང་ཚོད་ཁུ་སོགས་གདུ་བའི་སྐབས་སུ་དཀར་པོ་ཆིག་ཐུབ་ཁེ5རེ་དེའི་ནང་དུ་བཞག་ནས་མཉམ་དུ་བསྟེན་པས་ཆོག་ལ། ཉིན་རེར་ཐེངས་གཅིག་རེ་བསྟེན་དགོས།

ཆང་གིས་སྦང་བ། དཀར་པོ་ཆིག་ཐུབ་ཁེ30རེ་བླངས་ནས་སྣོད་གཙང་མ་ཞིག་ཏུ་འཇོག་པ་དང་། དེའི་ནང་དུ་འབྲས་ཆང་ཁེ500བླུགས་ནས་སྦང་ཞིང་། ཁ་དམ་པོར་བརྒྱབ་སྟེ་ཉིན7ལ་བཞག་རྗེས་འཐུང་ཆོག ཉིན་རེར་ཐེངས2རེ་དང་ཐེངས་རེར་ལྟོ་སྟོང་དུ་ཧའོ་ཧྲེང20རེ་བསྟེན་དགོས། ཆང་འཐུང་ཚར་རྗེས་ཡང་བསྐྱར་སྣོན་པ་དང་བྲོ་བ་མེད་པར་གྱུར་རྗེས་ཟོས་པས་ཆོག

ཁ་ནང་དུ་བཟུང་ནས་ཞི་རུ་འཇུག་པ། དཀར་པོ་ཆིག་ཐུབ་སླ་ངའི་ནང་བཞག་ནས་བཙོས་ན་སྙི་མོར་འགྱུར་ལ། དེ་ནས་ལེབ་མོར་གཙབ་རྗེས་ཤེལ་དམ་ནང་འཇོག་པ་དང་། ཐེངས་རེར་ལེབ་མོ་གཅིག་རེ་བླངས་རྗེས་ཁ་ནང་དུ་བཟུང་ནས་ཞི་རུ་འཇུག་པ་དང་། ཉིན་རེར་ཁེ2ནས4རེ་བསྟེན་པ་དང་། ཞོགས་ཟས་མ་ཟོས་པའི་སྔོན་ལ་ལྟོ་སྟོང་དུ་བསྟེན་དགོས།

བཙོས་ནས་བསྟེན་པ། དཀར་པོ་ཆིག་ཐུབ་ལེབ་མོར་གཙབ་པ་དང་། ཉིན་རེར་ཁེ2ནས5བླངས་ནས་དཀར་ཡོལ་ནང་འཇོག་པ་དང་དེའི་ནང་དུ་ཆུ་ཉུང་ཙམ་བླུགས་རྗེས་དུས་ཚོད3ནས5བར་སྦང་ཞིང་། དཀར་ཡོལ་གྱི་ཁ་དམ་པོར་བསྡམས་རྗེས་སླ་ངའི་ནང་དུ་བཞག་ནས་སྐར་མ20ནས30བར་བཙོས་རྗེས། ཞོགས་ཟས་མ་ཟོས་པའི་སྔོན་གྱི་སྐར་མ30ནང་བསྟེན་དགོས།

དཀར་པོ་ཆིག་ཐུབ་བསྟེན་སྐབས་ཀྱི་མཉམ་འཇོག་དགོས་ས་འགའ།

1.དཀར་པོ་ཆིག་ཐུབ་མ་བསྟེན་སྔོན་གྱི་ཉིན3དང་བསྟེན་པའི་སྐབས། བསྟེན་ཚར་རྗེས་ཀྱི་ཉིན3བཅས་ལ་ལ་ཕུག་བཟའ་མི་རུང་ལ། ཇ་ལོ་དང་ཁོ་ཧྥེ་སོགས་འཐུང་མི་རུང་།

2.དྲོས་འཁྱག་བྱུང་བ་དང་ཁོག་པ་བཤལ་བ། གློ་ལུ་བ། ཚ་རྒྱས་པ་བཅས་དང་གཞན་ད་རུང་ལྕེ་དྲེག་མཐུག་པོ་ཆགས་པ་བཅས་ཀྱིས་མྱུར་དུ་འཐུང་འཚམས་འཇོག་དགོས།

3.བྱིས་པ་རློན་ནུར་དཀར་པོ་ཆིག་ཐུབ་བླུད་ན་ངུ་བ་དང་བརྒྱལ་གཟེར་སོགས་ཀྱི་གནས་ཚུལ་མངོན་པས་ལྡུད་མི་རུང་།

4.ལུས་སྟོབས་ཧ་ཅང་བཟང་བའི་ན་གཞོན་རྣམས་ཀྱིས་དཀར་པོ་ཆིག་ཐུབ་བསྟེན་ན་ཁ་ལྕེ་སྐམ་པ་དང་སྣ་ཁྲག་བཞུར་བ་སོགས་ཀྱི་གནས་ཚུལ་མངོན་པས་བསྟེན་མི་རུང་།

5.དཀར་པོ་ཆིག་ཐུབ་ཇི་ལྟར་བསྟེན་མང་ན་དེ་ལྟར་བཟང་བའི་ངེས་པ་མེད་པས། རྒན་དར་རྣམས་ཀྱིས་ཀྱང་དུས་ཡུན་རིང་པོར་བསྟེན་མི་རུང་ངོ་། །

རྩོམ་སྒྲིག་པ། འབྲུག་མོ།