དབུགས་ལམ་གྱི་འགོས་ནད་འགོག་པར་དུག་སེལ་ཇི་ལྟར་བྱེད།
2024.01.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྟོན་དགུན་གྱི་དུས་ནི་དབུགས་ལམ་འགོས་ནད་འཕར་བའི་དུས་ཚིགས་ཤིག་ཡིན། དུག་སེལ་བྱ་བ་ལེགས་པར་བསྒྲུབས་ན་འགོས་ནད་ཀྱི་ཉེན་ཁ་འགོག་ཐུབ། འདིར་དུག་སེལ་ཇི་ལྟར་བྱའམ་ཞེ་ན།

གཅིག ལག་པར་དུག་སེལ་བྱེད་ཐབས།

1. རྒྱུན་དུ་ལག་པ་གཙང་མར་བཀྲུས་ཏེ་གཙང་སྦྲ་ལེགས་པོ་བྱེད་པ། བཞུར་ཆུའི་ནང་ལ་འདག་ཆལ་དང་འདག་ཁུ་ཡིས་ལག་པ་བཀྲུ་དགོས་ཤིང་། ཚན་རིག་དང་མཐུན་པའི་ལག་པ་བཀྲུ་ཐབས་ཀྱི་གོ་རིམ་བདུན་ལ་བརྟེན་ནས་ལག་པ་བཀྲུ་དགོས།

2.དུག་སེལ་སྨན་སྤྱོད་པ། དུག་སེལ་སྨན་ཚད་དང་རན་པ་ཞིག་ལག་མཐིལ་དུ་བླུག་རྗེས། ལག་པ་གཉིས་ཀྱིས་ཕུར་ནས་དུག་སེལ་སྨན་ལག་པའི་ངོས་ཡོངས་སུ་ཁྱབ་པར་བྱེད་པ་དང་། དུག་སེལ་སྨན་ཆུ་སྐམ་ཐག་ཆོད་པའི་བར་དུ་འཕུར་དགོས།

གཉིས། ཁ་ཆུ་སྣ་ཆུ་ལ་གཙང་སྦྲ་བྱེད་ཐབས།

1.གློ་ལུ་བ་དང་སྣ་སྦྲིད་རྒྱག་པའི་སྐབས་སུ་གཙང་ཤོག་གིས་ཁ་སྣ་གཅོད་པ། བེད་སྤྱོད་བྱས་ཟིན་པའི་གཙང་ཤོག་སོགས་སྙིགས་སྣོད་དུ་ལེགས་པར་ཉར་ནས་ཐག་གཅོད་དགོས་ལ། མི་གཞན་དང་འབྲེལ་ཐུག་མི་ཡོང་བར་བྱེད་དགོས།

3.དངོས་པོའི་ཕྱི་ངོས་སུ་ཁ་ཆུ་སྣ་ཆུ་འཐོར་ན། ཐོག་མར་རྔུབ་ལེན་གྱི་ནུས་པ་དང་ལྡན་པའི་རྒྱུ་ཆས་འབྱིད་པ་དང་། དེ་ནས་དངོས་པོའི་ཕྱི་ངོས་སུ་དུག་སེལ་བྱེད་པ་དང་། ལག་པ་ལའང་གཙང་སྦྲ་བྱེད་དགོས། འབྱིད་བྱེད་ཀྱི་རས་ཤོག་སོགས་ཀྱང་དུས་ཐོག་ཏུ་ཐག་གཅོད་ཡང་དག་བྱེད་དགོས།

གསུམ། ཁང་པའི་ནང་ལ་དུག་སེལ་བྱེད་ཐབས།

1.སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ། གནམ་གཤིས་ཀྱི་གནས་ཚུལ་ལྟར་ཉིན་རེར་ཐེངས་གཉིས་ནས་གསུམ་ཙམ་ལ་ཁང་པར་རླུང་རྒྱུ་རུ་འཇུག་པ་དང་། ཐེངས་རེར་སྐར་མ་སུམ་ཅུ་ལས་མི་ཉུང་བ་བྱེད་དགོས། སྒེའུ་ཁུང་འབྱེད་སྐབས་ཁང་པའི་ནང་གི་དྲོད་གྲང་ལའང་མཉམ་འཇོག་དགོས།

3.ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པར་སྟབས་མི་བདེ་ན། འཕྲུལ་ཆས་ལ་བརྟེན་ནས་རླུང་རྒྱུ་རུ་འཇུག་པའམ། ཡང་ན་འཁོར་རྒྱུག་མཁའ་རླུང་དུག་སེལ་འཕྲུལ་ཆས་ལ་བརྟེན་ནས་དུག་སེལ་བྱེད་ཆོག ཁང་པའི་ནང་དུ་མི་བསྡད་ཡོད་དུས་རྫས་འགྱུར་གྱི་དུག་སེལ་བྱེད་ཐབས་སྤྱོད་མི་རུང་།

བཞི། ས་ངོས་ལ་དུག་སེལ་བྱེད་ཐབས།

1.ཁིལ་འདུ་བའི་དུག་སེལ་ཆུ་གར་ཚད་ལ་ཧའོ་ཁེ500ཡོད་པ་སྡེབ་བཟོ་བྱེད་པ། སྡེབ་ཐབས་ལ། ཁིལ་འདུ་བའི་དུག་སེལ་གཤེར་ཁུ་གང་རུང་ལ་ཕན་ནུས་ལྡན་པའི་ཁིལ་གྱི་འདུ་ཚད5%ཡིན་ལ། སྡེབ་བཟོ་ལ་དུག་སེལ་ཆུ་ཆ1དང་ཆུ་ཆ99བྱས་ཏེ་སྡེབ་དགོས།

2.ལག་ཕྱིས་དང་ཐང་ཕྱིས་ཀྱིས་གོང་གི་དུག་སེལ་བཤེར་ཁུ་དེར་བྲན་རྗེས་ཐང་འབྱིད་པ།

3. དུག་སེལ་གྱི་ནུས་པ་ཐོན་པའི་དུས་ཚོད་སྐར་མ15ལས་མི་ཉུང་བ་བྱེད་དགོས་ལ། དེའི་རྗེས་ནས་ཆུ་ཡིས་གཙང་མར་འབྱིད་དགོས་པར་མ་ཟད། རླུང་རྒྱུ་རུ་བཅུག་རྗེས་ད་གཟོད་མི་ནང་དུ་ཡོང་ཆོག་པ་ཡིན།

ལྔ། རྒྱུན་སྤྱོད་ཀྱི་ཅ་ལག་ལ་དུག་སེལ་བྱེད་ཐབས།

1.ཇ་ཕོར་དང་ཟས་སྡེར་སོགས་ལ། ནང་གི་ཟས་སྙིགས་གཙང་མར་ལེན་པ་དང་། ཆུ་ལ་བཙོ་བ་དང་རླངས་པས་སྐར་མ15རིང་དུག་སེལ་བྱེད་དགོས། ཡང་ན་ནུས་ལྡན་ཁིལ་ཧའོ་ཁེ250ཅན་གྱི་དུག་སེལ་ཆུ་ལ་སྦངས་ནས་སྐར་མ15འགོར་རྗེས། ཆུ་གཙང་མས་དག་པར་བཤལ་བ།

2.སྒོ་ལུང་དང་ཆུ་སྦུག་ཁ། རྩེད་ཆས་སོགས་རེག་ཐུག་བྱེད་སའི་ཁོར་ཡུག་གི་ཕྱི་ངོས་གཙང་མར་བཟོ་བ་དང་། ཁིལ་འདུ་དུག་སེལ་ཆུ་ཧའོ་ཁེ500ཅན་དང་། ཡང་ན་ཕྱི་ངོས་དུག་སེལ་ལ་སྤྱོད་པའི་དུག་སེལ་སྨན་གྱིས་ཕྱིས་རྗེས། ཆུ་གཙང་མས་དག་པར་བཤལ་ནས་འབྱིད་པ།

3.ཙིག་རྟགས་དང་གཏགས་གཞོང་སོགས་ཡོ་ཆས་རིགས་ལ་ཆང་བཅུད75%ཅན་གྱི་རས་ཕྱིས་ཀྱིས་དུག་སེལ་བྱེད་ཆོག

དྲུག ལག་ཕྱིས་སོགས་ལ་དུག་སེལ་བྱེད་ཐབས།

གཅིག གཙང་མར་བཀྲུ་བ་གཙོ་བོར་འཛིན་པ་དང་། དེ་མིན་ཁིལ་འདུ་དུག་སེལ་ཆུ་ཧའོ་ཁེ250ཅན་དང་། ཡང་ན་རས་ཀྱི་རིགས་ལ་སྤྱོད་རུང་བའི་དུག་སེལ་སྨན་གྱིས་སྦངས་ནས་དུག་སེལ་བྱེད་ཆོག དུག་སེལ་ཆུ་ལ་གར་ཚད250ཅན་གྱི་ཁིལ་འདུ་དུག་སེལ་ཆུ་འདེམས་དགོས་ལ། ལག་ཕྱིས་སོགས་དུག་སེལ་ཆུ་ནང་དུ་སྦང་དགོས། སྦང་ཡུན་སྐར་མ15དང་། དེ་ནས་རྒྱུན་ལྡན་ལྟར་གཙང་མར་བཀྲུས་པས་ཆོག

གཉིས། རླངས་པ་དང་བཙོ་བ་ལ་བརྟེན་ནས་སྐར་མ15རིང་དུག་སེལ་བྱས་པས་ཆོག

བདུན། མཉམ་འཇོག་དགོས་ས་འགའ།

1.དུག་སེལ་ཚད་དང་རན་པར་བྱེད་པ་ལས་ཚད་ལས་བརྒལ་མི་རུང་། དེ་ཡང་དུག་སེལ་སྨན་ནི་གསལ་བཤད་ཡི་གེ་ལྟར་སྤྱོད་དགོས།

2.དུག་སེལ་སྨན་ལ་གནོད་པ་ཡོད་པས། སྡེབ་བཟོ་དང་བེད་སྤྱོད་ཀྱི་སྐབས་མི་སྒེར་གྱི་འགོག་སྲུང་ལ་དང་དོད་བྱེད་དགོས། ཁ་ཐུམ་དང་ལག་ཤུབས་སོགས་གྱོན་དགོས།

3.ཁིལ་འདུ་བའི་དུག་སེལ་ཆུ་ལ་རུལ་བར་བྱེད་པའི་ནུས་པ་ཡོད་པས། དུག་སེལ་བྱས་རྗེས་ཆུ་གཙང་མས་དག་པར་འབྱིད་རྒྱུ་གལ་ཆེ་བ་ཡིན། །

རྩོམ་སྒྲིག་པ། འབྲུག་མོ།