ལུས་ཕུང་སྦྱོང་བརྡར་བྱས་ན་དར་མ་དང་རྒན་པའི་ཁྲག་ཚིལ་མཐོ་བ་ཇེ་དམར་གཏོང་ཐུབ།
2024.01.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཁྲག་ཚིལ་མཐོ་བ་ནི་དེང་སྐབས་འབྱུང་ཚད་མཐོ་བའི་ནད་ཅིག་ཡིན་ལ། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སྤྲི་དཀར་མང་བ་དང་སྣུམ་ཞག་མང་བའི་བཟའ་བཏུང་ལོངས་སུ་སྤྱོད་པའི་གོ་སྐབས་ཇེ་མང་དུ་སོང་བའི་ཁར་འགུལ་སྐྱོད་བྱེད་ཚད་ཇེ་ཉུང་དུ་སོང་བས། ཁྲག་ཚིལ་ཞུ་མ་ཐུབ་པར་བརྟེན་ནས་ཁྲག་གར་པོར་གྱུར་ཏེ་ཁྲག་ཚིལ་མཐོ་བའི་ནད་བྱུང་བ་རེད། ཁྲག་ཚིལ་མཐོ་བ་དེས་མི་ལུས་ལ་གནོད་པ་ཐེབས་ཚུལ་ནི་མི་མངོན་པ་ནས་རིམ་གྱིས་འཕེལ་ཏེ་ལུས་ཡོངས་ལ་གནོད་པའི་རང་བཞིན་གྱི་ནད་ཅིག་ཡིན། ཁྲག་ཚིལ་མཐོ་བའི་ནད་པ་མང་ཆེ་བར་ནད་ཐོག་གི་མངོན་རྟགས་གང་ཡང་མེད་མོད། ཁྲག་ཚིལ་མཐོ་བའི་ཐད་ཀའི་གནོད་འཚེ་ནི་ལུས་ཡོངས་ཀྱི་འཕར་རྩའི་ཁྲག་མགྱོགས་མྱུར་ངང་འབྲས་ཐུག་ལྟར་གར་པོར་འགྱུར་དུ་འཇུག་པ་རེད། ལུས་ཡོངས་ཀྱི་དབང་བོ་གཙོ་བོ་ཚང་མ་འཕར་རྩར་བརྟེན་ནས་ཁྲག་དང་དབྱང་དབུགས་འདོན་སྤྲོད་བྱེད་བཞིན་ཡོད་པས། གལ་ཏེ་འཕར་རྩའི་ཁྲག་གར་པོར་གྱུར་ནས་རྩ་ལམ་འགགས་སོང་ན་མཇུག་འབྲས་ཚབས་ཆེན་འབྱུང་ངེས། འཕར་རྩ་སྲ་འགྱུར་ལས་བྱུང་བའི་མཁལ་མའི་ནུས་པ་ཉམས་པ་སོགས་ཚང་མ་ཁྲག་ཚིལ་མཐོ་བ་དང་འབྲེལ་བ་དམ་པོ་ཡོད།

ཁྲག་ཚིལ་མཐོ་བ་ནི་ཀླད་ཁྲག་ཤོར་བ་དང་པྲོག་དབྱིབས་ཁྲག་རྩའི་སྙིང་ནད། སྙིང་རྩ་འགགས་པ། སྙིང་འཕར་ལྡིང་བྱེད་མཚམས་འཇོག་པ་སོགས་ནད་རིགས་སློང་བའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ཁྲག་ཚིལ་མཐོ་བ་དེ་ཁྲག་ཤེད་མཐོ་བ་དང་མངར་ཆའི་ཐེག་ནུས་རྒྱུན་ལྡན་མིན་པ། གཅིན་སྙི་ཟ་ཁུའི་ནད་བཅས་སློང་བའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་པར་མ་ཟད། ཁྲག་ཚིལ་མཐོ་ན་ད་དུང་མཆིན་པའི་ཚིལ་སྐྲན་དང་མཆིན་པ་སྲ་འགྱུར། མཁྲིས་པ་རྡོ་སྐྲན། གཤེར་མའི་གཉན་ཚད། མིག་རྩར་ཁྲག་འབབ་པ། མིག་གིས་མི་རིག་པ། རྐང་པ་གྱོལ་བ། གཅིན་སྐྱུར་ཁྲག་མཐོའི་ནད་སོགས་ཀྱང་སློང་སྲིད། ཁྲག་ཚིལ་མཐོ་བའི་ནད་པར་ད་དུང་ཉྭ་དང་ཚིགས་འབུར་བ། མིག་གོང་མཐའ་འཁོར་དུ་ཤ་འཛེར་སེར་པོ་སྐྱེས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ང་ཚོ་མཐོ་སྒང་ས་ཆའི་མི་རྣམས་ནི་ས་གཤིས་དང་ཁོར་ཡུག བཟའ་བཏུང་རོལ་སྟངས་སོགས་ཀྱི་རྐྱེན་གྱིས། བཟའ་བཅའི་ནང་ཚ་འདུས་ཚད་མཐོ་བ་དང་ཞག་ཚིལ་མང་བ། མཁྲིས་རྒྱུ་གཤེར་རྩི་མང་བའི་ཟས་རིགས་ཅུང་མང་། དེ་བས་ང་ཚོ་མཐོ་སྒང་པའི་དྭངས་ཁྲག་ནང་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་དེ་བདེ་ཐང་ས་ཁུལ་ལས་མཐོ། མཐོ་སྒང་ས་ཁུལ་དུ་དབྱང་དབུགས་ཉུང་བས་མིའི་ལུས་སྟེང་དུ་དབྱང་དབུགས་སྐྱེལ་འདྲེན་བྱེད་པའི་ནུས་པ་དང་ཤ་གནད་ཀྱིས་དབྱང་དབུགས་བཀོལ་བའི་ནུས་པ་བཅས་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ནས། ཕུང་གྲུབ་ནང་དབྱང་མེད་རྙིང་ཚབ་གསར་བྱེད་ནུས་པ་ཇེ་མཐོར་སོང་སྟེ། ལུས་སྟེང་གི་ནུས་པ་འདོན་སྤྲོད་བྱེད་པ་གཙོ་བོ་མངར་ཆས་རྙིང་ཚབ་གསར་འབྱེད་བྱས་ཏེ་ཞག་ཚིལ་གྱི་རྙིང་ཚབ་རྙོག་འཁྲུགས་གཏོང་ལ། དེར་མ་ཟད་ལུས་སྟེང་དུ་སྐུམ་འཐེན་ནུས་པ་ལྡན་པའི་ཞག་ཚིལ་མང་པོ་མེད་པས་ལུས་སྟེང་གི་འགུལ་སྐྱོད་ནུས་པ་ཇེ་ཞན་དུ་སོང་སྟེ། རྨང་གཞིའི་རྙིང་ཚབ་གསར་འབྱེད་ཆུ་ཚད་མར་བབས་ནས་མི་ལུས་བདེ་ཐང་ལ་གནོད་པ་ངེས་ཅན་ཞིག་ཐེབས་ངེས།

ང་ཚོ་མཐོ་སྒང་ས་ཆའི་མི་རྣམས་ཆང་འཐུང་རྒྱུར་དགའ་བ་དང་ས་ཁོངས་རང་བཞིན་གྱི་བཟའ་བཏུང་གི་ཁྱད་ཆོས། འགུལ་སྐྱོད་བྱེད་ཚད་ཉུང་བ་བཅས་ཀྱི་ཁར་མཐོ་སྒང་གི་དབྱང་དབུགས་དཀོན་པའི་ཁོར་ཡུག་གི་ཤུགས་རྐྱེན་གྱིས་ཁྲག་ཚིལ་རྒྱུན་ལྡན་མིན་པ་སྔོན་འགོག་བྱེད་པའི་བདེ་སྲུང་དེ་ཧ་ཅང་གལ་ཆེན་དུ་གྱུར་ཡོད། ཁྲག་ཚིལ་རྒྱུན་ལྡན་མིན་པ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་འཚོ་བ་རོལ་སྟངས་ལས་བྱུང་བའི་ནད་ཅིག་རེད། ཁྲག་ཚིལ་རྒྱུན་ལྡན་མིན་པའི་ནད་པ་བརྒྱ་ཆའི་དགུ་བཅུའི་ཡན་ཆད་རང་ཉིད་ཀྱི་འཚོ་བ་རོལ་སྟངས་ལ་འབྲེལ་བ་ཡོད། སྙིང་ཁམས་ཁྲག་རྩའི་ནད་སྔོན་འགོག་བྱེད་ན་ཐོག་མར་ཟས་སྤྱོད་འཚམས་ན་ད་གཟོད་ངལ་བ་ཆུང་ལ་གྲུབ་འབྲས་ཆེན་པོ་འབྱུང་ཐུབ་པས། འཚོ་བ་རོལ་སྟངས་ལེགས་སྒྲིག་བྱེད་པར་མཐོང་ཆེན་བྱེད་དགོས་ལ། བཟའ་བཏུང་གི་གོམས་གཤིས་བསྒྱུར་བ་དང་འོས་འཚམས་སྒོས་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུ་ནི་གནད་འགག་ཡིན་། འགུལ་སྐྱོད་འོས་འཚམ་ཞེས་པ་ནི་དཔེར་ན། རྐང་ཐང་ལ་འགྲོ་བ་དང་། དལ་མོར་རྒྱུག་པ། ཆུར་རྐྱལ་བ། རི་མགོར་འགོ་བ། ཕེན་ཕིང་སྤོ་ལོ་དང་བྱ་སྒྲོ་སྤོ་ལོ་རྩེ་བ། ཐའེ་ཅི་དྲག་རྩལ་སྦྱོང་བ། ལྕགས་རྟ་ཞོན་པ་སོགས་ཡིན།

ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱེད་པའི་མིའི་ལུས་སྟེང་གི་མཁྲིས་རྒྱུ་གཤེར་རྩི་དང་མངར་སྣུམ་ཚིལ་གསུམ་གྱི་གསོག་ཚད་ཚང་མ་འགུལ་སྐྱོད་མི་བྱེད་པའི་ན་མཉམ་གྱི་མི་ལས་དམའ་བ་དང་། དུས་རྒྱུན་འོས་འཚམ་སྒོས་ལུས་རྩལ་སྦྱོང་བརྡར་བྱས་ན་ལུས་སྟེང་གི་ཁྲག་ཚིལ་འདུས་ཚད་སྙོམས་སྒྲིག་དང་ཚོད་འཛིན་བྱེད་ཐུབ། ལུས་ཕུང་བདེ་ཐང་ཡོང་བའི་ལུས་རྩལ་སྦྱོང་བརྡར་གྱིས་ལུས་སྟེང་གི་རྙིང་ཚབ་གསར་འབྱེད་ལ་སྐུལ་འདེད་བཏང་ནས། ཁྲག་ཚིལ་མཐོ་བའི་ནད་པའི་ཚིལ་གྱི་རྙིང་ཚབ་གསར་འབྱེད་ནུས་ལྡན་གྱིས་ལེགས་བསྒྱུར་བྱེད་ཐུབ་པ་དང་། ཚིལ་འཁོར་རྒྱུག་དང་ཕྲལ་གསེད། ཕྱིར་འདོན་པར་སྐུལ་འདེད་བྱས་ནས་དྭངས་ཁྲག་མཁྲིས་རྒྱུ་གཤེར་རྩི་དང་སན་ཞན་ཀན་ཡིའུ་འདུས་ཚད་དམའ་བའི་ཚིལ་དང་སྤྲི་དཀར་འདུས་ཚད་ཇེ་དམའ་རུ་འགྲོ་བ་དང་། འདུས་ཚད་མཐོ་བའི་ཚིལ་དང་སྤྲི་དཀར་འདུས་ཚད་ཇེ་མཐོར་འགྲོ་བས། འཕར་རྩའི་ཁྲག་གར་པོར་འགྱུར་བ་དང་འཕེལ་བར་སྔོན་འགོག་བྱེད་པར་ཕན། ཁྲག་ཚིལ་རྒྱུན་ལྡན་མིན་པའི་ནད་པར་མཚོན་ནས་བཤད་ན། ལུས་རྩལ་སྦྱོང་བརྡར་མ་བྱས་གོང་ངེས་པར་དུ་ལུས་ཡོངས་ལ་ཞིབ་བཤེར་བྱས་ནས། མཉམ་བྱུང་ནད་ཡོད་མེད་ལ་གསལ་བོར་བལྟ་དགོས་པར་མ་ཟད། དེར་བལྟས་ནས་རང་ཉིད་ཀྱི་འགུལ་སྐྱོད་ཀྱི་ཚད་གཏན་འཁེལ་བྱེད་དགོས། ལུས་ཕུང་ལ་ཞིབ་བཤེར་བྱས་རྗེས་ཁྲག་ཚིལ་རྒྱུན་ལྡན་མིན་པ་ཤེས་པའི་ནད་པ་དང་། ནད་ཐོག་མངོན་རྟགས་མེད་པའམ་ཡང་མོ་ཅན། ཡང་ན་ཚབས་ཆེ་བའི་མཉམ་བྱུང་ནད་མེད་པའི་ཁྲག་ཚིལ་རྒྱུན་ལྡན་མིན་པའི་ནད་པ། དེ་མིན་ཚིལ་དང་སྤྲི་དཀར། མཁྲིས་རྒྱུ་གཤེར་རྩི་འདུས་ཚད་མཐོ་བའམ་དམའ་བ་བཅས་ཀྱིས་ནད་པས་སྤྱིར་བཏང་གི་ལུས་རྩལ་སྦྱོང་བརྡར་བྱེད་ཆོག ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་ཅུང་ཡང་མོ་ཅན་གྱི་མཉམ་བྱུང་ནད་ཡོད་པ་དང་། ནད་ཐོག་མངོན་རྟགས་མེད་པའི་པྲོག་དབྱིབས་སྙིང་རྩའི་ནད་པ། ལུས་ཚོ་དྲགས་པའི་མི་བཅས་ཀྱིས་སྨན་པས་མཛུབ་སྟོན་འོག་འོས་འཚམས་ཀྱིས་སྦྱོང་བརྡར་བྱེད་དགོས། ལུས་རྩལ་སྦྱོང་བརྡར་བྱེད་ན་རིམ་པ་ལྟར་བྱེད་པ་ལས་འཚབ་འཚུབ་ངང་སྦྱོང་བརྡར་བྱེད་མི་རུང་ལ། རང་ཉིད་ཀྱི་ནུས་ཚད་ལས་བརྒལ་ན་སྙིང་གི་ཁུར་པོ་ཇེ་ལྗིད་དུ་གཏོང་སྲིད།

འགུལ་སྐྱོད་དྲག་པོ་བྱས་ནས་སྙིང་འཕར་བ་དང་། དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཚད་ལས་བརྒལ་མི་རུང་། ཡིན་ནའང་འགུལ་སྐྱོད་ཉུང་ཙམ་དང་དུས་ཡུན་ཐུང་ཐུང་ཞིག་ལ་འགུལ་སྐྱོད་བྱས་པ་ཙམ་གྱིས་ཁྲག་ཚིལ་རྒྱུན་ལྡན་མིན་པ་དང་། འདུས་ཚད་མཐོ་བའམ་དམའ་བའི་ཚིལ་དང་སྤྲི་དཀར། མཁྲིས་རྒྱུ་གཤེར་རྩིའི་ནད་ཡོད་པ། ལུས་ཚོ་དྲགས་པའི་མི་བཅས་ལ་གསོ་བཅོས་ཀྱི་ནུས་པ་ཐོན་མི་ཐུབ། འགུལ་སྐྱོད་ཀྱི་ཐད་ནས་སྤྱིའི་ཆ་ནས་བཤད་ན་མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ནད་པས་འགུལ་སྐྱོད་བྱེད་སྐབས་གསུམ་ལྔ་བདུན་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་སྟེ། ཐེངས་རེར་དུས་ཚོད་སྐར་མ་སུམ་ཅུའི་རིང་ལ་འགུལ་སྐྱོད་བྱེད་པ་དང་། གཟའ་འཁོར་རེར་ཐེངས་ལྔ་ལ་ལུས་རྩལ་སྦྱོང་བརྡར་བྱེད་པ། འགུལ་སྐྱོད་ཀྱི་ཚད་དེ་ལོ་རེ་ལྔ་ཡིན་ན་སྙིང་ལྡིང་ཚད་བརྒྱ་དང་ལྔ་ལས་མ་བརྒལ་ན་བཟང་། པྲོག་དབྱིབས་ཁྲག་རྩའི་སྙིང་ནད་ཡོད་པའི་ནད་པས་འོས་འཚམ་གྱིས་ལུས་རྩལ་སྦྱོང་བརྡར་བྱེད་དགོས། དཔེར་ན་སྤྲོ་འཆམ་དུ་འགྲོ་བ་དང་ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་བྱས་ན་སྙིང་རྩ་འགགས་པ་སྔོན་འགོག་བྱེད་ཐུབ་པར་མ་ཟད། པྲོག་དབྱིབས་ཁྲག་རྩའི་སྙིང་ནད་མི་འཕར་བར་ཡང་ཕན། ཉིན་རེར་དུས་ཚོད་སྐར་མ་སུམ་ཅུ་ལྷག་ལ་ཚད་འབྲིང་བའི་འགུལ་སྐྱོད་དེ་དཔེར་ན་མགྱོགས་པོར་འགྲོ་བ་དང་དལ་མོར་རྒྱུག་པ། ལྕགས་རྟར་ཞོན་པ། སྤོ་ལོ་རྩེ་བ་སོགས་བྱེད་པ་དང་། བྱ་བ་སྒྲུབ་ས་དང་ཁྱིམ་ནས་སྦྱོང་བརྡར་བྱས་ཏེ་ཙོག་ནས་འདུག་པའི་གོམས་སྲོལ་ངན་པ་འདོར་བ། ཉིན་རེར་དུས་ཚོད་ཕྱེད་ཀའི་རིང་ལ་སྦྱོང་བརྡར་བྱེད་པ་རྒྱུན་འཁྱོངས་བྱས་ན་པྲོག་དབྱིབས་ཁྲག་རྩའི་སྙིང་ནད་འབྱུང་ཚད་བརྒྱ་ཆའི་ལྔ་བཅུ་ཇེ་ཉུང་དུ་གཏོང་ཐུབ། དལ་ལངས་རང་བཞིན་གྱི་ནད་པས་སྦྱོང་བརྡར་མ་བྱས་གོང་ལུས་པོར་ཞིབ་བཤེར་བྱས་ཏེ། རང་གི་ནུས་ཚོད་ལྟར་ཉུང་ཙམ་ནས་རིམ་བཞིན་འགུལ་སྐྱོད་བྱེད་དགོས། འགུལ་སྐྱོད་བྱས་ནས་ཚད་ངེས་ཅན་ཞིག་ལ་ཐོན་ན་དྭངས་ཁྲག་ནང་གི་ཚིལ་ལ་ཕན་ནུས་ཐོན་པར་མ་ཟད། ལུས་ཀྱི་ཚོ་བྱང་ཐུབ། ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་ཁམས་གསོ་གནང་བཞིན་པའི་རྒན་པ་རྣམས་ལ་མཚོན་ནས་བཤད་ན། ཁྱིམ་ལས་ཙག་ཙིག་ལས་ནས་རྔུལ་ཆུ་འབུད་དུ་བཅུག་ན། ཁྲག་ཚིལ་རྒྱུན་ལྡན་མིན་པ་སྔོན་འགོག་བྱེད་པར་ཕན། དཔེར་ན་སྐོར་བྲོ་རྩེ་ནའང་ཁྲག་ཚིལ་རྒྱུན་ལྡན་མིན་པ་སྔོན་འགོག་བྱེད་ཐུབ། འགུལ་སྐྱོད་བྱས་ན་ཤ་གནད་ཀྱིས་ལོགས་སུ་ལུས་པའི་ཚིལ་སྐྱུར་སྡུད་ལེན་དང་བེད་སྤྱོད་བྱས་ནས་ཚིལ་གྱི་རྙིང་ཚབ་གསར་འབྱེད་ནུས་པ་ཇེ་དྲག་ཏུ་སོང་སྟེ། ཁྲག་ཚིལ་གྱི་རྙིང་ཚབ་གསར་འབྱེད་ལའང་ཕན་འབྲས་བཟང་པོ་ཐོན་ནས། ཁྲག་ཤེད་མཐོ་བ་དང་མངར་སྣུམ་ཚིལ་གསུམ་མཐོ་བ་སོགས་དལ་ལངས་རང་བཞིན་གྱི་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ། སྐོར་བྲོ་རྩེ་ན་བུད་མེད་རྒན་གཞོན་རྣམས་ཀྱི་ཟ་མའི་ཡི་ག་དང་གཉིད་ཁུག་པ། དྲན་ཤེས་དང་སེམས་ཤུགས། ངལ་དུབ་མི་འབྱུང་བའི་ནུས་པ་སོགས་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་ཐུབ། འོས་འཚམ་གྱིས་ལུས་རྩལ་སྦྱོང་བརྡར་བྱས་ན་ལུས་སྟེང་གི་ཁྲག་ཚིལ་འདུས་ཚད་སྙོམས་སྒྲིག་དང་ཚོད་འཛིན་བྱེད་ཐུབ་པས། པྲོག་དབྱིབས་ཁྲག་རྩའི་སྙིང་ནད་དང་འཕར་རྩའི་ཁྲག་འབྲས་ཐུག་ལྟར་གར་པོར་འགྱུར་བ་འགོག་བཅོས་བྱེད་པར་དོན་སྙིང་གལ་ཆེན་ལྡན། དུས་མཚུངས་སུ་རྒྱ་ཆེའི་སྡོད་དམངས་རྣམས་ཀྱིས་རིམ་བཞིན་འཚོ་བའི་གོམས་སྲོལ་ངན་པ་བསྒྱུར་བ་དང་གཟུགས་གཞི་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ནད་རིགས་སྣ་ཚོགས་འབྱུང་བ་སྔ་མོ་ནས་སྔོན་འགོག་བྱེད་དགོས། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།