མཚོ་ནུབ་ཁུལ་གྱིས་སྨན་བཅོས་འགན་སྲུང་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས།
2024.01.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་ཉེ་ལམ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། འགན་སྲུང་ལ་ཞུགས་ཚད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྨན་བཅོས་འགན་སྲུང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། སྨན་བཅོས་འགན་སྲུང་གི་ཐེབས་རྩའི་བདེ་འཇགས་སྲུང་སྐྱོབ་བཅས་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། 2023ལོར། མཚོ་ནུབ་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྒྱུན་མཐུད་དྲུག་ལ་བརྟེན་ནས་གནད་འཁེལ་བྱ་བ་བསྒྲུབས་པ་དང་། སྨན་བཅོས་འགན་སྲུང་གི་འགག་རྩའི་ཁྱབ་ཁོངས་ཇེ་ལེགས་སུ་བཏང་ནས།   ཁུལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།  2023ལོར། མཚོ་ནུབ་ཁུལ་གྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་མི་འབུམ་བཞི་ལྷག་ཏུ་འཕར་བ་དང་།  གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི98ལྷག་ཏུ་སླེབས་ཡོད།

མཚོ་ནུབ་ཁུལ་ཡོངས་ལ་ཁེབས་པའི་སྨན་བཅོས་འགན་སྲུང་གི་དྲ་རྒྱ་འཛུགས་ཆེད། མཚོ་ནུབ་ཁུལ་གྱིས་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་ཐབས་ལམ་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། དངུལ་སྤྲོད་བརྒྱུད་རིམ་ལེགས་སྒྱུར་བྱེད་པ། དངུལ་སྤྲོད་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། འགན་སྲུང་ནང་ཞུགས་འོས་པ་རྣམས་ངེས་པར་དུ་ཞུགས་ཐུབ་པར་བྱས།  སྨན་བཅོས་རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཆེས་དཀའ་ཁག་ཆེ་བའི་མི་སྣ་དང་ཆེས་དམའ་བའི་འགན་སྲུང་བྱ་ཡུལ། ཡང་བསྐྱར་དབུལ་བོར་འགྱུར་བའི་མི་གྲངས་བཅས་ལ་ཐོག་མའི་དངུལ་སྤྲོད་ཚད་བརྒྱ་ཆའི50ཇེ་དམར་བཏང་བ་དང་། སྨན་རིན་རྩིས་ཞུའི་བསྡུར་ཚད་བརྒྱ་ཆའི་ལྔ་ཇེ་མཐོར་གཏོང་བའི་འགན་སྲུང་སྲིད་ཇུས་ལག་བསྟར་དང་། ལས་བཟོ་པའི་སྨན་བཅོས་ཉེན་ཚབ་ཀྱི་སྒོ་བསྟེན་སྤྱི་སྤྱོད་འགན་སྲུང་བཅོས་བསྒྱུར་ལག་བསྟར་བྱས་ཏེ། ལས་བཟོ་པའི་སྨན་བཅོས་ཉེན་ཚབ་ཀྱི་སྒོ་བསྟེན་འགན་སྲུང་དེ་མི་སྒེར་གྱི་གསོག་འཇོག་རྣམ་པ་ནས་ཕན་ཚུན་རོགས་རམ་གྱི་སྤྱི་སྤྱོད་རྣམ་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། །

ཡིག་སྒྱུར་བ། འབྲུག་མོ།