རང་རྒྱལ་གྱིས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2024.01.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 0

སྡེ་ཁག་བཅུ་ཡིས་ཉིན་འགའི་སྔོན་མཉམ་འབྲེལ་ཐོག་དཔར་འགྲེམས་བྱས་པའི་ཡིག་ཆ་ཞིག་ལ་གཞིགས་ན། རང་རྒྱལ་གྱིས་བྱིས་པའི་ནད་གཞི་ལྕི་རིགས་སྨན་བཅོས་དང་ནད་གཞི་ལྕི་རིགས་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་། བྱིས་པའི་ཚན་ཁག་ཁྱབ་ཁོངས་ཀྱི་མདུན་གྲལ་ལག་རྩལ་འཕེལ་རྒྱས་དང་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་པ། བྱིས་པའི་བདེ་ཐང་འགན་ལེན་བྱེད་པའི་ཁྲོད་ཀྱི་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་འདེད་གཏོང་བ། སྨན་བཅོས་ཀྱི་མྱོང་ཚོར་ཇེ་ལེགས་སུ་བཏང་ནས་བྱིས་པ་ཚོའི་ཉམས་ལེན་ཇེ་ཟབ་ཏུ་གཏོང་བ། བྱིས་པའི་སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་བྱེད་པ། སྤུས་ཚད་མཐོ་བའི་བྱིས་པའི་ནད་རིགས་སྔོན་འགོག་དང་བདེ་ཐང་དོ་དམ་ཞབས་ཞུ་སོགས་ཕྱོགས་བདུན་གྱི་ཐད་ནས་སྤུས་ལེགས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱས།

ཚེས་བཅུའི་ཉིན་གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་སོགས་སྡེ་ཁག་བཅུ་ཡིས་ཉེ་ཆར《བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》མཉམ་འབྲེལ་ཐོག་དཔར་འགྲེམས་བྱས་ནས་བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་རྒྱུན་འཁྱོངས་ཀྱིས་མ་ལག་གསར་གཏོད་དང་། ལག་རྩལ་གསར་གཏོད། བྱེད་སྟངས་གསར་གཏོད། དོ་དམ་གསར་གཏོད་བཅས་ལ་ཤུགས་བསྣན་ནས། བྱིས་པའི་ཚན་ཁག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་ས་ཁོངས་དོ་སྙོམས་ངང་བཀོད་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་ཀྲུང་གོའི་བདེ་ཐང་འཛུགས་སྐྱོང་ལ་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

བསམ་འཆར་ཁྲོད་ཆུ་ཚད་མཐོ་བའི་བྱིས་པའི་སྨན་བཅོས་ཞབས་ཞུའི་དྲ་བ་བསྐྲུན་ནས་རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་བྱིས་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་སྣེ་ཁྲིད་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་རྫོང་རིམ་པའི་བྱིས་པའི་སྨན་ཁང་དང་། ཕྱོགས་བསྡུས་སྨན་ཁང་གི་བྱིས་པའི་ཚན་ཁག ཀྲུང་ལུགས་གསོ་རིག་སྨན་ཁང་གི་བྱིས་པའི་ཚན་ཁག མ་བུ་བདེ་སྲུང་སྒྲིག་གཞི་བཅས་ཀྱིས་གཙོ་བོར་བྱེད་པའི་ཆུ་ཚད་མཐོ་བའི་བྱིས་པའི་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་དགོས། རིམ་པ་གཉིས་པའི་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་བྱིས་པའི་ཚན་ཁག་གི་སྒོ་བསྟེན་སྨན་ཁང་ཡོངས་ཁྱབ་ངང་འཛུགས་དགོས་པ་དང་རིམ་པ་གསུམ་པའི་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་བྱིས་པའི་ཚན་ཁག་གི་ནད་ཁང་འཛུགས་དགོས།

བསམ་འཆར་ནང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིར་བརྟེན་ནས་བྱིས་པའི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། བྱིས་པའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་མནའ་འབྲེལ་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྣེ་ཁྲིད་སྨན་ཁང་གི་ལག་རྩལ་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། རྒྱང་རིང་གི་སྨན་བཅོས་མཉམ་སྒྲུབ་དྲ་བ་འཕེལ་རྒྱས་བཏང་ནས་བྱིས་པའི་ཚན་ཁག་གི་རྒྱང་ཁྲིད་སྨན་བཅོས་དང་། རྒྱང་རིང་སློབ་ཁྲིད། དྲ་སྦྲེལ་སྨན་བཅོས་བཅས་བྱ་དགོས། དེ་དང་ཆབས་ཅིག་བྱིས་པའི་བདེ་སྲུང་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་པའི་མ་བུ་བདེ་སྲུང་སྒྲིག་གཞིའི་བྱིས་པའི་བདེ་སྲུང་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ་རེད།

བསམ་འཆར་ཁྲོད་ད་དུང་བྱིས་པའི་ཚན་ཁག་གི་ཆེད་ལས་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་བསྣན་ནས་བྱིས་པའི་ཚན་ཁག་གི་རྒྱུན་མཐོང་ནད་དང་འབྱུང་ཚད་མཐོ་བའི་ནད་གཞི་ཚད་ལྡན་ཅན་གྱི་ནད་བརྟག་སྨན་བཅོས་དང་། བྱིས་པའི་ཚན་ཁག་གི་དཀའ་གནད་ཆེ་བའི་ནད་གཞི་སྔ་མོ་ནས་དབྱེ་འབྱེད་དང་གཞན་སྒྱུར་བྱེད་པ། བྱིས་པའི་གཅོང་ནད་དོ་དམ། བྱིས་པའི་བདེ་སྲུང་ཞབས་ཞུ་སོགས་གཙོ་གནད་དུ་བཟུང་ནས་བྱིས་པའི་ཚན་ཁག་དང་ཚན་ཁག་ཡོངས་སོགས་འབྲེལ་ཡོད་ཆེད་ལས་སྨན་དོན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། འབྲུག་མོ།