ཕྲ་གྱེས་གདོད་གཟུགས་གློ་ཚད་སྐོར་གྱི་དྲི་བ་དྲིས་ལན།
2024.01.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གཅིག ཅི་ཞིག་ལ་ཕྲ་གྱེས་གདོད་གཟུགས་གློ་ཚད་ཟེར།

ལན། ཕྲ་གྱེས་གདོད་གཟུགས་གློ་ཚད་ནི་ཕྲ་སྲིན་དང་ནད་དུག་བར་དུ་གནས་པའི་ནད་གདོད་སྐྱེ་དངོས་ཕྲ་རབ་ཅིག་ཡིན།

ཕྲ་གྱེས་གདོད་གཟུགས་གློ་ཚད་དེ་དུས་ཚིགས་གང་ལའང་འགོས་ཁྱབ་འབྱུང་སྲིད་ལ། བྱང་ཕྱོགས་ས་ཁུལ་དུ་སྟོན་ཁ་དང་དགུན་ཁར་འགོས་ཁྱབ་ཆེ་བ་དང་། ལྷོ་ཕྱོགས་ས་ཁུལ་དུ་དབྱར་ཁ་དང་སྟོན་ཁར་འགོས་ཁྱབ་ཆེ་བ་རེད།

ཕྲ་གྱེས་གདོད་གཟུགས་གློ་ཚད་ཀྱི་རིམས་ནད་དེ་སྤྱིར་ལོ་ལྔར་བུད་པའི་བྱིས་པ་དང་དེའི་ཡན་གྱི་བྱིས་པར་འགོས་ཁྱབ་འབྱུང་ཚད་མཐོ་ལ། འོན་ཀྱང་ལོ་ལྔའི་མན་གྱི་བྱིས་པར་ཡང་འགོ་སྲིད་པར་མ་ཟད་དེ་དང་བསྡོང་ནས་ནད་རིགས་གཞན་པའང་འབྱུང་སྲིད་པ་རེད།

གཉིས།ཕྲ་གྱེས་གདོད་གཟུགས་གློ་ཚད་དེ་ཇི་ལྟར་འགོས་པ་ཡིན།

ལན། གཙོ་བོར་ནད་པའི་མཆིལ་ཟགས་དང་ཐད་ཀར་འབྲེལ་ཐུག་བྱུང་བ་ལས་འགོས་བ་རེད།  གཟའ་འཁོར་གཅིག་ནས་གཟའ་འཁོར་གསུམ་ཙམ་རིང་ལ་ནད་རྟགས་ཕྱིར་མི་མངོན་པ་དང་།  ནད་རྟགས་ཕྱིར་མི་མངོན་པའི་དུས་ནས་ནད་རྟགས་ཇེ་ཡང་དུ་འགྲོ་བའི་གཟའ་འཁོར་འགའི་རིང་ལ་འགོས་ཁྱབ་ཀྱི་ནུས་པ་ལྡན་པ་ཡིན།

གསུམ། ཕྲ་གྱེས་གདོད་གཟུགས་གློ་ཚད་ཀྱི་རིམས་ནད་ལ་ནད་རྟགས་གང་དག་ཡོད་དམ།

ལན། ནད་ཐོག་གི་མངོན་རྟགས་གཙོ་བོར་ཚ་རྒྱག་པ་དང་གློ་ལུ་བ་དང་དེ་དང་བསྡོངས་ནས་མགོ་ན་བ་དང་སྣ་ཆུ་བཞུར་བ། མིད་པ་ན་བ། རྣ་སྦུག་ན་བ་སོགས་ཀྱང་འབྱུང་། ནད་བབ་ཡང་མོ་ཅན་ལ་ནད་རྟགས་མི་འབྱུང་བའམ། ཡང་ན་དབུགས་ལམ་སྟོད་མའི་ནད་རྟགས་ཙམ་ལས་མི་མངོན། ཚབས་ཆེ་བ་ལ་གློ་ཚད་དང་གློ་བའི་དངོས་འགྱུར། བྲང་ཁོག་ལ་ཆུ་གསོག་པ། ཤི་འདྲུལ་རང་བཞིན་གྱི་གློ་ཚད་སོགས་འབྱུང་སྲིད།

(མཉམ་འཇོག་འོས་པ་ཞིག་ལ། ཁྱིམ་བདག་གིས་བྱིས་པར་གློ་ལུ་དྲག་པོ་ལངས་པ་དང་ཚ་ཆེན་པོ་ལངས་ནས་མར་མི་འབབ་ན། མྱུར་དུ་སྨན་ཁང་ལ་ཁྲིད་དགོས།)

བཞི། དར་མ་རྣམས་ལ་ཕྲ་གྱེས་གདོད་གཟུགས་གློ་ཚད་འགོ་སྲིད་དམ།

ལན། ཕྲ་གྱེས་གདོད་གཟུགས་གློ་ཚད་འགོས་པའི་བྱིས་པ་དང་ཡུན་རིང་འགྲོགས་པའི་དར་མ་རྣམས་ལའང་ནད་དེ་འགོ་སྲིད་པའི་ཉེན་ཁ་ཡོད་པ་རེད།

གལ་ཏེ་དར་མ་རྣམས་ལ་ཚ་རྒྱག་པ་དང་གློ་ལུ་དྲག་པོ་ལངས་པ། ཐ་ན་གློ་མི་བདེ་བའི་ནད་རྟགས་མངོན་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་འབྲེལ་ཡོད་བརྟག་དཔྱད་བྱེད་དགོས།

ལྔ། ཕྲ་གྱེས་གདོད་གཟུགས་གློ་ཚད་རིམས་ནད་དང་སྤྱིར་བཏང་གི་ཆམ་པ་གཉིས་ལ་ ཁྱད་པར་ཇི་ལྟར་འབྱེད་དགོས་པ་ཡིན།

ལན། ཕྲ་གྱེས་གདོད་གཟུགས་གློ་ཚད་ཐོག་མར་དབུགས་ལམ་སྟོད་མར་འགོ་བའི་དུས་སུ། སྤྱིར་བཏང་གི་ཆམ་པ་དང་ནད་རྟགས་ཤིན་ཏུ་འདྲ་སྟེ། དཔེར་ན་སྣ་འཚུབ་པ་དང་མིད་པ་ན་བ། ཚ་རྒྱག་པ་སོགས་འབྱུང་བ་རེད།

ཕྲ་གྱེས་གདོད་གཟུགས་གློ་ཚད་རིམས་ནད་ཀྱི་ངོས་འཛིན་ཐབས་ནི། དྭངས་ཁྲག་གི་འགོག་གཟུགས་ལ་ཞིབ་བཤེར་བྱེད་པ་དང་། ཉིང་སྐྱུར་ལ་བཤེར་འཇལ་བྱེད་པ་སོགས་ཡོད།

སྨན་པས་བྱིས་པའི་ནད་རྒྱུས་དང་ནད་རྟགས། དེ་མིན་འབྲེལ་ཡོད་བརྟག་དཔྱད་ཀྱི་མཇུག་འབྲས་བཅས་ལ་དཔགས་ནས་ངོས་འཛིན་དགོས།

ཁྱིམ་བདག་གིས་གློ་ལུ་བའི་གནས་ཚུལ་ལ་བརྟག་དགོས་ཏེ། སྤྱིར་བཏང་སྐབས་འགར་ལུ་བ་དང། དེ་ནས་ལུ་ཡུན་ཇེ་རིང་དུ་འགྲོ་བ། ཐོག་མའི་དུས་སུ་སྐམ་ལུ་བྱེད་པ་དང་བསྟུན་ནས་ལུ་རྒྱ་དྲག་པོ་ལངས་པ། ཚ་བརྒྱབ་སྟེ་མཚམས་མི་འཇོག་པ་དང་གློ་ལུ་བ་ཇེ་སྡུག་ཏུ་འགྲོ་བ་སོགས་ཀྱི་སྐབས་སུ་དུས་ཐོག་ཏུ་སྨན་པར་སྟོན་དུ་ཁྲིད་དགོས།

དྲུགཕྲ་གྱེས་གདོད་གཟུགས་གློ་ཚད་གསོ་བཅོས་བྱེད་པར་རྒྱུན་སྤྱོད་ཀྱི་སྨན་གང་དག་ཡོད་དམ།

ལན། དུས་ཐོག་ཏུ་ངོས་འཛིན་དང་དུས་ཐོག་ཏུ་སྨན་པར་སྟོན་དགོས། གསོ་བཅོས་ཀྱི་དུས་སྐབས་བཟང་ཤོས་ནི་ཚ་བརྒྱབ་རྗེས་ཀྱི་ཉིན་ལྔ་ནས་ཉིན་བཅུའི་ནང་ཡིན།

གསོ་བཅོས་ཀྱི་སྨན་རྫས་ལ། གཙོ་བོ་གདུབ་ཆེན་ནང་ཐེན་རིགས་ཀྱི་སྲིན་འགོག་སྨན་རྫས་ཏེ། རྒྱུན་སྤྱོད་ལ་ཨ་ཆི་མེ་སུའུ་དང་ཧོང་མེ་སུའུ། ཁི་ལ་མེ་སུའུ་སོགས་ཡོད།

གོང་གི་སྲིན་འགོག་སྨན་རྫས་འདིའི་རིགས་ཀྱིས་ནུས་པ་མི་ཐོན་པའི་བྱིས་པར། སྲིན་འགོག་སྨན་རྫས་གཞན་པ་བཀོལ་དགོས།

གསོ་བཅོས་བྱེད་དཀའ་བ་དང་ཚབས་ཆེ་བའི་ཕྲ་གྱེས་གདོད་གཟུགས་གློ་ཚད་རིམས་ནད་བྱུང་ཡོད་པའི་བྱིས་པར།  ཕྱོགས་བསྡུས་གསོ་བཅོས་བྱེད་དགོས།

བདུན།ཞག་སྡོད་གསོ་བཅོས་བྱེད་དགོས་མིན་ལ་ཇི་ལྟར་བལྟ་དགོས།

ལན། ཕྲ་གྱེས་གདོད་གཟུགས་གློ་ཚད་ཚབས་ཆེ་མིན་ལ་བལྟ་དགོས།

ཡང་མོའི་རིགས་ཡིན་ན། གདུབ་ཆེན་ནང་ཐེན་རིགས་ཀྱི་སྨན་རྫས་བསྟེན་ན་སྤྱིར་བཏང་དུ་ནད་བབ་ཚོད་འཛིན་བྱེད་ཐུབ། ཡིན་ནའང་ལུས་དྲོད་རྒྱུན་ལྡན་དུ་གྱུར་རྗེས་ད་དུང་གཟའ་འཁོར་གཉིས་ཙམ་ལ་གློ་ལུ་བ་མཚམས་འཇོག་མི་སྲིད་ལ། གློ་པར་ལས་མཐོང་བའི་གྲིབ་རིས་ཀྱང་རང་བཞིན་གྱིས་ཡལ་འགྲོ་བས། བསྐྱར་དུ་གློ་པར་མ་བརྒྱབ་ནའང་ཆོག

ཚབས་ཆེ་བའི་རིགས་ལ་ཞག་སྡོད་གསོ་བཅོས་བྱེད་དགོས། དེའི་རིགས་ལ་མཉམ་འདྲེས་ནད་དུག་ཡོད་པའམ་ཡང་ན་ཕྲ་སྲིན་འགོས་སྲིད་པས། དེ་འབྲེལ་གྱི་སྨན་རྫས་ཁ་བསྣན་ནས་གསོ་བཅོས་བྱེད་དགོས།

བརྒྱད།སྨན་ནུས་ཐོན་དང་མི་ཐོན་པའི་ནད་པའི་གསོ་བཅོས་ལ་ཁྱད་པར་ཅི་ཞིག་ཡོད།

ལན། ཞིབ་འཇུག་ལྟར་ན། ཕྲ་གྱེས་གདོད་གཟུགས་གློ་ཚད་ལ་གསོ་བཅོས་བྱེད་པར། སྨན་ནུས་ཐོན་དང་མི་ཐོན་གྱི་བར་ན་ཁྱད་པར་ཆེན་པོ་མེད།

ཁྱད་པར་གཙོ་བོ་ནི་སྨན་ནུས་མི་ཐོན་པའི་རིགས་ཀྱི་ཚ་བ་ཞི་ཚད་དལ་ལ་ནད་ཡུན་རིང་། ཡིན་ནའང་ནད་གཞི་ཚབས་ཆེ་ན་ཁྱད་པར་མངོན་གསལ་མེད།

དགུ། ཕྲ་གྱེས་གདོད་གཟུགས་གློ་ཚད་ལས་གློ་བ་དཀར་པོར་འགྱུར་རམ།

ལན། གློ་ཚད་འདིའི་རིགས་ཀྱིས་གཟུགས་བརྙན་རིག་པའི་སྟེང་གི་“གློ་བ་དཀར་པོ”ཙམ་མཐོང་སྲིད་ཀྱང་། གློ་བར་ནད་འགྱུར་བྱུང་ནས་དཀར་པོར་གྱུར་པ་དང་གཏན་ནས་མི་འདྲ།

རྒྱབ་ལ་བརྡེགས་ནས་ལུད་པ་འདོན་པ་དང་། སྨན་གྱིས་ལུད་པ་འདོན་པ། གློ་སྦུག་ཤེལ་གྱིས་གསོ་བཅོས་བྱེད་པ་སོགས་ཀྱིས། བྱིས་པའི་ནད་ནི་དུས་ཡུན་ཐུང་ངུའི་ནང་དྲག་སྐྱེད་འབྱུང་བར་མ་ཟད། ཚེ་སྲོག་ལའང་ཉེན་ཁ་མི་འབྱུང་།

ཕྲ་གྱེས་གདོད་གཟུགས་གློ་ཚད་འགོས་པའི་བྱིས་པ་མང་ཆེ་བར་བཅོས་སྐྱེད་ཡག་པོ་འབྱུང་ལ། ནད་བབ་ཚབས་ཆེ་བ་དང་ཡང་ན་བཅོ་དཀའ་བའི་ཕྲ་གྱེས་གདོད་གཟུགས་གློ་ཚད་འགོས་པའི་བྱིས་པར་གློ་བར་གནོད་པ་ཐེབས་སྲིད་པས། དུས་ཡུན་རིང་པོར་བརྟག་དཔྱད་བྱེད་དགོས།

བཅུ།ཕྲ་གྱེས་གདོད་གཟུགས་གློ་ཚད་འགོས་པ་ཇི་ལྟར་སྔོན་འགོག་བྱེད་དགོས།

ལན། མིག་སྔར་ཆེད་དུ་བཟོས་པའི་འགོག་སྨན་མེད།

ཆེད་མཁས་པས་ཁང་པའི་ནང་དུ་རླུང་རྒྱུ་བར་བྱེད་པ་དང་། མི་ཚོགས་འདུ་སར་མི་འགྲོ་བ། ཁ་ཐུམ་ལེགས་པར་རྒྱག་པ། གློ་ལུ་བ་དང་སྣ་སྦྲིད་རྒྱག་སྐབས་ཁ་སྣ་གཅོད་པ། ལག་པར་གཙང་སྦྲ་བྱེད་པ་དང་། རྒྱུན་པར་འདག་རྫས་བཀོལ་ནས་བཞུར་ཆུའི་ནང་དུ་ལག་པ་བཀྲུ་བ། སློབ་གྲྭ་དང་བྱིས་སྙོར་ཁང་སོགས་སུ་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ། མཉམ་འདུས་རང་བཞིན་གྱི་འགོས་ཁྱབ་འབྱུང་དུ་མི་འཇུག་པ་སོགས་བྱེད་དགོས་པར་བསྟན་ཡོད ། །

གོང་གི་ཤེས་བྱ་འདི《མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང》གིས་འདོན་སྤྲོད་བྱས་པ་ཡིན། 

ཡིག་སྒྱུར་བ། འབྲུག་མོ།