ཉེ་ལམ། ཀྲུང་གོ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིགས་ཟུང་འབྲེལ་སློབ་ཚོགས་ཀླད་སྙིང་མཉམ་བཅོས་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས་པའི་ཀྲུང་གོ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློབ་ཚོགས་ཀྱིས་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་སྨན་བཅོས་རོགས་སྐྱོར་བྱ་འགུལ་མཚོ་སྔོན་དུ་བསྐྱོད་པ་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་བློ་སེམས་བསྐྲུན། ཀླད་སྙིང་མཉམ་བཅོས་གཞི་རིམ་དུ་བསྐྱོད་ཅེས་པ་བརྗོད་དོན་ཡིན་པའི་སྤྱི་ཕན་བྱ་འགུལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནས་མགོ་བརྩམས། ཐེངས་འདིའི་བྱ་འགུལ་ལ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ཆེད་མཁས་པ་ཞེ་གསུམ་དང་དང་བླངས་པ་སོ་དགུ་ཞུགས་ཡོད།
མགོ་རྩོམ་མཛད་སྒོའི་སྟེང་། བྱ་འགུལ་གྱི་གཙོ་སྒྲུབ་ལས་ཁུངས་དང་འགན་སྒྲུབ་ལས་ཁུངས། རོགས་སྒྲུབ་ལས་ཁུངས་བཅས་ཀྱིས་ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་རིན་ཐང་སྒོར་འབུམ་བརྒྱད་དང་ཁྲི་བརྒྱད་ཀྱི་སྨན་རྫས་ཞལ་འདེབས་སུ་ཕུལ་བ་དང་། ཀྲུང་གོ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སློབ་ཚོགས་ཀྱིས་བརྟག་བཅོས་ཆེད་མཁས་པ་བདུན་ལ་བཀའ་དྲིན་ཞུ་ཡིག་གནང་། བརྟག་བཅོས་བྱ་དགུལ་དེ་སོ་སོར་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དང་རྫ་སྟོད་རྗོང་མི་དམངས་སྨན་ཁང་དུ་སྤེལ། བརྟག་དཔྱད་སྨན་བཅོས་ཀྱི་ཡུལ་དངོས་དང་སྨན་ཁང་གི་ནད་ཁང་དུ་ཆེད་མཁས་པ་རྣམས་ཀྱིས་ཁྱད་འཕགས་ཀྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་གནས་མང་ཚོགས་ལ་བརྟག་དཔྱད་ཞིབ་མོ་བྱས་ཤིང་། ཚན་རིག་འཆད་ཁྲིད་དང་ནད་ཁང་ཞིབ་བཤེར་ཐད་ཀྱི་སློབ་ཁྲིད་བྱས་པར་མ་ཟད། ནད་པ་རེ་རེར་སུན་སྣང་མེད་པར་ཞིབ་བཤེར་དང་སྨན་བཅོས་ཀྱི་གྲོས་གཞི་བཏོན་ནས་མང་ཚོགས་ཀྱི་དཀའ་ཁག་ཐག་བཅད་ལ། སྨན་བཅོས་བྱ་བ་སྒྲུབ་མཁན་གྱི་བརྩེ་བ་བརྒྱུད་སྒྲོག་བྱས།
བྱ་འགུལ་སྐབས་སུ། ཆེད་མཁས་པ་རྣམས་ཀྱིས་ད་རུང་ཚན་རིག་འཆད་ཁྲིད་དང་ནད་ཁང་ཞིབ་བཤེར་ཐད་ཀྱི་སློབ་ཁྲིད་བྱ་འགུལ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་གཞི་རིམ་སྨན་པའི་སྨན་བཅོས་ལག་རྩལ་མཐོར་འདེགས་གཏོང་བ་དང་། གཞི་རིམ་སྨན་ཁང་བར་གྱི་བརྗེ་རེས་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས་གཞི་རིམ་སྨན་པར་སྨན་བཅོས་བྱེད་ནུས་བརྒྱུད་སྤྲོད་བྱེད་པ་དང་། ཡུས་ཧྲུའུ་ཡི་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།