《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》ཁག་ལྔ་པ།
2024.09.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

དོན་ཚན་ཉེར་གཉིས་པ།   བྱི་རིམས་འབྱུང་བའི་སྐབས་སུ།  བྱི་རིམས་བྱུང་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱོད་དགོས།   གཅིག   བྱི་རིམས་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་འཕྲོད་བསྟེན་གྱི་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་བྱི་རིམས་གནས་ཚུལ་གྱི་བརྟག་དཔྱད་དང་ཐག་གཅོད་བྱ་བ་སྤེལ་དགོས།  གཉིས།  བྱི་རིམས་སྔོན་འགོག་ཚོད་འཛིན་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་བྱི་རིམས་གནས་ཚུལ་ལ་དཔྱད་འཇོག་བྱེད་དགོས།   གསུམ།   བྱི་རིམས་འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་དགོས།  བཞི།   སེམས་ཁམས་ཉེན་ཁའི་བློ་འདྲི་བྱ་བ་སྤེལ་དགོས།   ལྔ།  བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་པའི་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་གསུམ་པ།   བྱི་རིམས་བྱུང་བའི་གནས་ཚུལ་ཤེས་པའམ་ཡང་ན་བྱི་རིམས་བྱུང་བའི་གནས་ཚུལ་ཡར་ཞུ་འབྱོར་སྐབས།   ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་གཤམ་གྱི་བྱེད་ཐབས་སྤྱོད་དགོས།   གཅིག   བྱི་རིམས་གནས་ཚུལ་བསྡུ་རུབ་དང་ཡར་ཞུ། དབྱེ་ཞིབ་བཅས་བྱེད་དགོས།   གཉིས།   ཚོད་ལྟ་ཁང་གི་བཤེར་འཇལ་བྱ་བ་སྤེལ་དགོས།   གསུམ།  འགོ་ནད་རིག་པའི་བརྟག་དཔྱད་བྱ་བ་སྤེལ་ནས། བརྟག་དཔྱད་ཀྱི་གནས་ཚུལ་ལྟར་རིམས་ནད་བྱུང་བའི་གནས་དང་རིམས་ནད་བྱུང་བའི་ཁུལ་ཁོངས་དབྱེ་འབྱེད་བྱ་རྒྱུའི་གྲོས་འགོ་འདོན་དགོས་པ་དང་།  འབག་བཙོག་ཐེབས་པའི་གནས་ལ་འཕྲོད་བསྟེན་གཙང་སེལ་བྱེད་དགོས་ཤིང་།   འབྲེལ་འདྲིས་དམ་ཟམ་བྱུང་བའི་མི་སྣར་གསོ་རིག་ལྟ་ཞིབ་བྱེད་དགོས།   བཞི།   བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་པའི་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་བཞི་པ།   བྱི་རིམས་བྱུང་བའི་ནད་པའམ་ཡང་ན་དོགས་ཡོད་ནད་པ་ཡོད་པ་ཤེས་ཚེ།   སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱོད་དགོས།   གཅིག   ནད་པ་ལོགས་བཀར་སྨན་བཅོས་བྱེད་དགོས།   གཉིས།  དུས་ཐོག་ཏུ་རིམས་ནད་གནས་ཚུལ་སྙན་ཞུ་བྱེད་པ་དང་།   ནད་རིགས་སྔོན་འགོག་ཚོད་འཛིན་སྡེ་ཁག་གི་མི་སྣར་རོགས་འདེགས་བྱས་ཏེ་མ་དཔེ་བསྡུ་རུབ་དང་འགོ་ནད་རིག་པའི་བརྟག་དཔྱད་བྱ་བ་ཡོངས་འགྲུབ་བྱེད་དགོས།  གསུམ།   འབག་བཙོག་ཐེབས་པའི་གནས་དང་དངོས་པོ། དེ་མིན་སྨན་བཅོས་བེད་མེད་དངོས་པོར་བཅའ་ཁྲིམས་ལྟར་དུས་སེལ་དང་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས།  བཞི།   བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་བྱས་པའི་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་ལྔ་པ།   ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གཏན་འཇགས་ཀྱི་བྱི་རིམས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་འཛུགས་དགོས་པ་དང་།   བྱི་རིམས་བྱུང་རྗེས།  གནས་སྐབས་ཀྱི་བྱི་རིམས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ཁ་སྣོན་བྱས་ཆོག      བྱི་རིམས་ཐད་ཀྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ཡོད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འཕྲོད་བསྟེན་བདེ་ཐང་དང་སྤྱི་བདེ།  འགྲིམ་འགྲུལ་སྐྱེལ་འདྲེན།  ནགས་རྩྭ།   ཁྲོམ་ར་ལྟ་སྐུལ་དོ་དམ།   ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་བྱི་རིམས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་བྱ་བ་བཟང་བོར་སྤེལ་དགོས།   བྱི་རིམས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་སུ་རིམས་ནད་ཞིབ་བཤེར་ཁང་དང་རྫས་འགྱུར་ཞིབ་བཤེར་ཁང་། ཞིབ་བཤེར་ལྟ་ཞིབ་ཁང་བཅས་བཀོད་སྒྲིག་བྱེད་འོས་པ་དང་།   དགོས་ངེས་ཀྱི་རིམས་ནད་ཞིབ་བཤེར་ཡོ་བྱད་དང་སྨན་བཅོས་སྨན་རྫས།   འགོག་སྲུང་སྒྲིག་ཆས།  ཐོ་འགོད་སྒྲིག་ཆས་སོགས་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།