པྲོག་དབྱིབས་སྙིང་ནད་ཅེས་པ་ནི་པྲོག་དབྱིབས་འཕར་རྩའི་རང་བཞིན་གྱི་སྙིང་ནད་ཀྱི་བསྡུས་མིང་ཡིན་ལ། གཙོ་བོ་སྙིང་ལ་ཁྲག་འདོན་པའི་ཁྲག་རྩ་སྟེ། པྲོག་དབྱིབས་འཕར་རྩ་སྲ་འགྱུར་དང་དོག་པར་གྱུར་ནས་སྙིང་ནས་ཁྲག་རྡོལ་བ་དང་ཐ་ན་ཤི་བའི་གནས་ཚུལ་འབྱུང་བ་ལ་ཟེར།
ཚིལ་རྫས་ཚབ་བརྗེ་རྒྱུན་ལྡན་མིན་པའི་རྐྱེན་གྱིས་ཁྲག་ནང་གི་ཚིལ་རྫས་དེ་འཕར་རྩའི་ནང་སྐྱི་འཇམ་པོའི་སྟེང་བརྟན་པོར་གནས་པ་དང་། ཚིལ་རྫས་དག་གཅིག་ཏུ་འདུས་ནས་ཁྲ་རྡོག་དཀར་པོ་ཆགས་པ་དང་། ཁྲ་རྡོག་འདི་དག་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། འཕར་རྩའི་ཁོག་དོག་པར་གྱུར་ལ། ཁྲག་གི་འཁོར་རྒྱུག་ལ་བཀག་རྐྱེན་ཐེབས་ནས། སྙིང་ལ་ཁྲག་གིས་མི་འདང་བ་དང་། དེ་ནས་ནད་པའི་སྙིང་ལ་ན་ཟུག་འབྱུང་བ་རེད།
པྲོག་དབྱིབས་སྙིང་ནད་ནི་འཕར་རྩ་སྲ་འགྱུར་བྱུང་ནས་དབང་བོར་འགྱུར་བ་གཏོང་བའི་རྒྱུན་མཐོང་གི་ནད་རིགས་ཤིག་རེད། བརྟག་དཔྱད་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་པྲོག་དབྱིབས་སྙིང་ནད་འབྱུང་ཚད་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ནད་འདིའི་དཔེ་མཚོན་གྱི་ནད་རྟགས་ལ་སྙིང་ལ་ཁྲག་གིས་མ་འདང་བར་བསླངས་པའི་བྲང་ཁ་མི་བདེ་བ་དང་བྲང་ཁ་ན་བ། ཤེད་མེད་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཡོད། སྨན་བཅོས་ཐད་ནས་བལྟས་ན། འཚོ་བ་རོལ་སྟངས་བསྒྱུར་བ་དང་། སྨན་གྱིས་གསོ་བ་དང་གཤགས་བཅོས་ཀྱིས་བཅའ་བ་སོགས་ཡོད།
མཉམ་འཇོག་དགོས་པ་ཞིག་ལ། པྲོག་དབྱིབས་སྙིང་ནད་བྱུང་ཚད་ཇེ་མང་དུ་འགྲོ་བ་དེ་འཚོ་བའི་གོམས་གཤིས་དང་བཟའ་བཏུང་གོམས་གཤིས། འཕྲོད་བསྟེན་གོམས་གཤིས་བཅས་ལ་འབྲེལ་བ་དམ་ཟབ་ལྡན། ལོ་ན་རྒན་པ་རྣམས་ཀྱིས་པྲོག་དབྱིབས་སྙིང་ནད་དང་རིང་དུ་བཀྱེད་པའམ། ཡང་ན་ནད་གཞིར་ཚོད་འཛིན་ལེགས་པོ་བྱེད་འདོད་ཚེ། འཚོ་བའི་གོམས་གཤིས་རེ་རེ་ནས་བསྒྱུར་མགོ་བརྩམ་དགོས།
པྲོག་དབྱིབས་སྙིང་ནད་ཅན་གྱི་འཚོ་བ་རོལ་སྟངས་དང་བཟའ་བཏུང་གོམས་གཤིས་ཐད་མཉམ་འཇོག་བྱེད་དགོས་པ་གཤམ་གསལ་ལྟར།
པྲོག་དབྱིབས་སྙིང་ནད་ཇི་ལྟར་བྱུང་བ་ཡིན།
ང་ཚོས་རྒྱུན་པར“རང་གཞན་གཉིས་ཀྱི་ཚུལ་རྟོགས་ན། ལན་བརྒྱར་འཐབ་ཡང་ཕམ་པ་མེད”ཅེས་བཤད་པ་ལྟར། པྲོག་དབྱིབས་སྙིང་ནད་ནུས་ལྡན་སྒོས་སྔོན་འགོག་བྱེད་འདོད་ན། ཐོག་མར་པྲོག་དབྱིབས་སྙིང་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལ་རྒྱུས་ལོན་བྱེད་དགོས། སྤྱིར་པྲོག་དབྱིབས་སྙིང་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལ་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་དང་ཕྱིས་འབྱུང་གི་རྒྱུ་རྐྱེན་གཉིས་ཡོད།
ལྷན་སྐྱེས་ཀྱི་རྒྱུ་རྐྱེན་ཁྲོད་གཙོ་བོ་རྒྱུད་འདེད་དང་ལོ་ཚོད། ཕོ་མོའི་དབྱེ་བ་བཅས་འདུ། དཔེར་ན། ཁྱིམ་རྒྱུད་ཁྲོད་པྲོག་དབྱིབས་སྙིང་ནད་ཡོད་པའི་མིར་པྲོག་དབྱིབས་སྙིང་ནད་འབྱུང་བའི་ཉེན་ཁ་སྤྱིར་བཏང་གི་མི་ལས་ཤིན་ཏུ་ཆེ། གཞི་གྲངས་ལས་མངོན་པ་ལྟར་ན། ཕ་མ་གཉིས་ལས་གཅིག་ལ་པྲོག་དབྱིབས་སྙིང་ནད་ཡོད་ཚེ། དེའི་བྱིས་པར་ནད་ཕོག་ཚད་ནི་ལྡབ་གཉིས་ཡིན། ལོ་ཚོད་ཀྱི་ངོས་ནས་བཤད་ན། ལོ་ན་རྒན་པར་པྲོག་དབྱིབས་སྙིང་ནད་འབྱུང་སླ་མོད། འོན་ཀྱང་ཉེ་བའི་ལོ་འདི་འགར་ལོ་ན་གཞོན་པར་ཡང་འབྱུང་བའི་གནས་ཚུལ་ཡོད། ཕོ་མོའི་དབྱེ་བའི་ངོས་ནས་བལྟས་ན། སྐྱེས་མ་རྣམས་ལ་ལོ་དྲུག་ཅུའི་རྗེས་ནས་པྲོག་དབྱིབས་སྙིང་ནད་མང་དུ་འབྱུང་བ་དང་། སྐྱེས་པ་རྣམས་ལ་ལོ་ལྔ་བཅུའི་རྗེས་ནས་མང་དུ་འབྱུང་བ་རེད། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས། པྲོག་དབྱིབས་སྙིང་ནད་འབྱུང་ཚད་སྔར་ལས་ཇེ་མང་དུ་འགྲོ་སྲིད། ལོ་རེ་ལྔའི་མན་གྱི་སྐྱེས་པའི་པྲོག་དབྱིབས་སྙིང་ནད་ཅན་གྱི་ཤི་ཚད་སྐྱེས་མ་ལས་མཐོ་བ་རེད།
ཕྱིས་འབྱུང་གི་རྒྱུ་རྐྱེན་ནི་དཔེར་ན་འཚོ་བའི་གོམས་གཤིས་དང་སེམས་ཁམས་མི་ལེགས་པ། ནད་རིགས་རྒྱུ་རྐྱེན་སོགས་ཡིན། གཞི་གྲངས་ལས་མངོན་པ་ལྟར་ན། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཡོད་པ། ཁྲག་ཚིལ་མཐོ་བ་བཅས་ལ་པྲོག་དབྱིབས་སྙིང་ནད་ཕོག་པའི་ཉེན་ཁ་ཆེ་བ་རེད། འདི་ནི་ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བའི་ནད་རྟགས་ཀྱིས་སྙིང་གི་ཁུར་བོ་ཇེ་ལྕི་རུ་བཏང་ནས་འཕར་རྩ་སྲ་འགྱུར་བྱུང་བ་ལས། པྲོག་དབྱིབས་སྙིང་ནད་ཕོག་ཚད་ཀྱི་ཉེན་ཁ་ཇེ་ཆེར་བཏང་བ་རེད། ཐ་མག་འཐེན་པ་དང་ལུས་པོ་ཚོ་དྲགས་པ། རྒྱུན་པར་སེམས་ཁམས་མི་སྐྱིད་པ་རྣམས་ཀྱིས་ཀྱང་པྲོག་དབྱིབས་སྙིང་ནད་སྔོན་འགོག་བྱེད་དགོས། ཐ་མག་གི་དུ་བའི་ཁྲོད་ཀྱི་དབྱང་གཅིག་ཐཱན་རྫས་དང་ཉི་ཀུའུ་ཏིང་། འཚིག་སྣུམ་སོགས་ཀྱིས་ཁྲག་རྩའི་མཉེན་གཤིས་ཇེ་དམའ་དང་ཁྲག་རྒྱུན་གྱི་དབྱང་འདེགས་ནུས་པ་ཇེ་དམའ་རུ་བཏང་ནས། པྲོག་དབྱིབས་སྙིང་ནད་འབྱུང་ཚད་ཇེ་མང་དུ་གཏོང་སྲིད། ལུས་པོ་ཚོ་དྲགས་པའི་མིའི་ཁྲག་རྩའི་ཁྲོད་མཁྲིས་རྒྱུ་གཤེར་རྩི་མཐོ་བ་སོགས་ཀྱིས་འཕར་རྩ་སྲ་འགྱུར་གྱི་ཉེན་ཁ་ཆེ་རུ་གཏོང་སྲིད། དེ་ལས་གཞན། སེམས་ཁྲལ་དང་སེམས་འཚབ་པ་སོགས་སེམས་ཁམས་མི་ལེགས་པ་ཡིས་ཕྲ་ཕུང་ཕྱིར་གཏོང་བར་ཤུགས་རྐྱེན་ཐེབས་ནས་ཁྲག་རྩ་འཁུམ་པ་དང་ཁྲག་འཁོར་རྒྱུག་མི་ལེགས་པ་སོགས་བྱུང་ནས་ནད་པའི་སྙིང་གི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། ནད་ཐོག་ལག་ལེན་སྟེང་། པྲོག་དབྱིབས་སྙིང་ནད་འཕར་བ་དེ་དུས་ཚིགས་ཀྱི་འགྱུར་ལྡོག་དང་ལུས་ཤུགས་འགུལ་སྐྱོད་ཇེ་མང་དུ་གཏོང་བ། ཟས་རྒྱགས་དྲགས་པ། ཆང་བག་མེད་དུ་འཐུང་བ་སོགས་ལ་འབྲེལ་བ་ཡོད་པར་བཤད།
འོན་ཀྱང་། དེ་ལའང་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། རྒྱུ་མཚན་ནི་ཕྱིས་འབྱུང་གི་རྒྱུ་རྐྱེན་མང་ཤོས་ནི་ང་ཚོས་ཚོད་འཛིན་བྱེད་ཐུབ་པས་རེད། སྨན་པའི་མཛུབ་སྟོན་འོག འཚོ་བ་རོལ་སྟངས་ལེགས་སྒྱུར་བྱེད་པ་དང་གོམས་གཤིས་བཟང་བོ་རྒྱུན་འཁྱོངས་བྱས་ཚེ། པྲོག་དབྱིབས་སྙིང་ནད་དང་རིང་དུ་བཀྱེད་ཐུབ།
པྲོག་དབྱིབས་སྙིང་ནད་ཅན་གྱི་བཟའ་བཏུང་བསྟེན་ཚུལ།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསམ་འཆར་ལྟར་ན། པྲོག་དབྱིབས་སྙིང་ནད་ཅན་གྱིས་བདེ་ཐང་གི་བཟའ་བཏུང་བསྟེན་དགོས། ནད་པས་དུས་རྒྱུན་བཟའ་བཏུང་ཁྲོད“དམའ་ལྔ་མཐོ་གཉིས”ཏེ་ཚ་ནུས་དམའ་བ་དང་ཚིལ་དམའ་བ། མངར་དམའ་བ། སྤྲི་དཀར་རྫས་དམའ་བ། ཚྭ་དམའ་བ། ཚི་སྣའི་རྒྱུ་མཐོ་བ། འཚོ་རྒྱུ་མཐོ་བ་བཅས་ཀྱི་རྩ་དོན་ལག་བསྟར་བྱེད་དགོས།
ནད་པས་དུས་རྒྱུན་དུ་འབྲུ་རིགས་དང་སྲན་ཞོ། སྲན་ཁུ་སོགས་སྲན་བཟོས་ཐོན་རྫས་དང་། སྔོ་ཚོད་གསར་པ། ངང་ལག་དང་ཚ་ལུ་མ་སོགས་འཚོ་རྒྱུ་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་དགོས།
སྤྲི་དཀར་རྫས་ཚད་དང་རན་པའི་སྒོ་ནས་བསྟེན་ན་བདེ་ཐང་ལ་ཕན་པ་ཆེན་པོ་ལྡན། པྲོག་དབྱིབས་སྙིང་ནད་ཅན་གྱིས་བྱ་ཤ་དང་སྐམ་ཤའི་ཤ་ནག་སོགས་ཚིལ་འདུས་ཚད་ཅུང་དམའ་བའི་ཤ་རིགས་བཟའ་བ་དང་། བཟའ་ཚད་ཉིན་རེར་ཁེ50ནས75བར་ཚོད་འཛིན་བྱེད་དགོས་ལ། དེས་གཟུགས་གཞི་བདེ་ཐང་ལ་ཕན་པར་མ་ཟད། ལུས་སྟེང་གི་ཚིལ་རྫས་དང་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་ཚོད་འཛིན་བྱེད་ཐུབ།
ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱས་ཏེ་སྙིང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ནད་པས་ཆོས་ཉིད་དང་མཐུན་པའི་དབྱང་ལྡན་འགུལ་སྐྱོད་རྒྱུན་འཁྱོངས་བྱེད་དགོས། དཔེར་ན་མྱུར་མོར་འགྲོ་བའམ་དལ་མོར་རྒྱུག་པ། ལྕགས་རྟར་ཞོན་པ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་བྱེད་དགོས། ནད་པས་གཟའ་འཁོར་རེར་ཐེངས་གསུམ་ནས་ལྔ་ལ་སྦྱོང་བརྡར་བྱེད་པ་དང་། སྦྱོང་བརྡར་བྱེད་ཡུན་རིམ་བཞིན་ཇེ་མང་དུ་བཏང་ནས། སྙིང་གི་བྱེད་ནུས་རིམ་བཞིན་ཇེ་མཐོར་གཏོང་དགོས། ནད་པས་གཉིད་པའི་གོམས་གཤིས་ལེགས་པོ་ཆགས་པར་བྱས་ཏེ། ལུས་པོར་ངལ་གསོའི་དུས་ཚོད་འདང་ངེས་བཀོད་སྒྲིག་བྱེད་དགོས་ལ། ནད་པས་སེམས་ཁྲལ་དང་དངངས་འཚབ་སོགས་ཀྱི་སེམས་ཁམས་མི་ལེགས་པ་སེལ་ཐབས་བྱས་ཏེ། སེམས་ཁམས་སྐྱིད་པོ་ཡོང་བར་འབད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།