གསར་སྐྱེས་བྱིས་པའི་ལྟེ་ཐག་དང་མིག་དང་རྣ། ཁ། སྣ་བཅས་ཀྱི་བདག་སྐྱོང་བྱེད་ཐབས་སྐོར།
2024.09.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

བྱིས་པ་བཙས་ནས་ཉིན་ཉེར་བརྒྱད་ཀྱི་ནང་ནི་གསར་སྐྱེས་བྱིས་པ་ཡིན།   ཚེ་སྲོག་གསར་པ་ཞིག་ཁྱིམ་དུ་ཐོན་པ་ན་སྤྲོ་སྐྱིད་ཁྱེར་ཡོང་བའི་ཞོར་དུ་འགན་ཁུར་ཡང་བསྐྱལ་ཡོང་ཡོད།  བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་ཆེད་དུ། གཙང་ཞིང་གྲལ་དག་པ་དང་མཁའ་དབུགས་ཀྱི་རྒྱུ་བ་བཟང་བའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ནས།  གཉོར་སྐྱོང་དང་ལྟ་སྐྱོང་བཟང་བོ་བྱེད་དགོས།

གསར་སྐྱེས་བྱིས་པའི་ལྟེ་ཐག་དང་མིག་དང་རྣ། ཁ། སྣ་བཅས་ཀྱི་བདག་སྐྱོང་བྱེད་ཐབས་སྐོར་ནས་ངོ་སྤྲོད་ཅིག་བྱས་ན།

གཅིག ལྟེ་ཐག་བདག་སྐྱོང་བྱེད་ཐབས།

བྱིས་པ་གསར་དུ་བཙས་པའི་རྗེས་སུ། ལྟེ་ཐག་དུག་སེལ་དང་སྐུད་པ་མདུད་པ་རྒྱབ་ནས་ཁྲག་བཅད་པ་ཡིན་ལ།  ཡང་ལྟེ་ཐག་བསྡམས་ཆས་སོགས་བཀོལ་ནས་ལྟེ་ཐག་གི་སྣེ་མོ་བསྡམས་པ་ཡང་ཡོད།   ཐབས་དེ་དག་ཚང་མས་ལྟེ་ཐག་གི་སྣེ་མོ་ལྷུང་བ་མགྱོགས་ལ།  ལྟེ་ཐག་ལ་རེད་པ་མི་འབྱུང་བ་ཡིན།  སྨན་ཁང་སོ་སོར་རང་རང་གི་ལྟེ་ཐག་གཅོད་པའི་ཐབས་རེ་ཡོད་པས།   བྱེད་ཐབས་འདི་ནི་ཆེས་བཟང་བོའི་བྱེད་ཐབས་རེད་ཅེས་བཤད་དཀའ་བ་ཞིག་རེད།  རྩ་དོན་ཐད་ནས་ལྟེ་ཐག་གི་སྣེ་མོ་ལྷུང་མགྱོགས་ཤིང་རེད་པ་མི་འབྱུང་བ།   བརྟག་ཞིབ་བྱེད་སླ་བ་དང་བདག་སྐྱོང་བྱེད་སླ་བ་ཞིག་ཡིན་དགོས།   ཉིན་རེར་བྱིས་པའི་ལྭ་བ་བརྗེ་བ་དང་གཅིན་བསྟན་བརྗེ་བ།   སྐྱི་པགས་ལ་བདག་སྐྱོང་བྱེད་སྐབས།  ལྟེ་བ་སྐམ་པོ་དང་གཙང་མ་ཡིན་མིན་དང་ལྟེ་བ་དམར་པོ་ཡིན་མིན།   བརླན་ཡོད་མེད།  ཟགས་ཐོན་ཇེ་མང་དུ་སོང་ཡོད་མེད་སོགས་ལ་མཉམ་འཇོག་བྱེད་དགོས།   གལ་ཏེ་གནད་དོན་ཡོད་ན་གཞིས་ཁུལ་གྱི་སྨན་བཅོས་བདེ་སྲུང་ལས་ཁུངས་ཀྱི་སྨན་པར་འབྲེལ་གཏུགས་བྱས་ཏེ་ཐག་གཅོད་དགོས།    ལྟེ་བར་ཕྱེ་མའི་རིགས་ཀྱི་དུག་སེལ་སྨན་རྫས་བཀོལ་མི་རུང་ལ་མདོག་སྨུག་སྨན་ཆུ་ཡང་བྱུགས་མི་རུང་།   སྨན་དེ་བྱུགས་ཚེ་རྨ་ཁའི་མདོག་སོགས་གསལ་བོར་མཐོང་མི་ཐུབ།   ཉིན་རེར་དུག་སེལ་མ་མོག་ཆང་བཅུད་ནང་བརླན་ནས་ལྟེ་བར་བྱུགས་ན་དུག་སེལ་བྱེད་ཐུབ་པ་དང་མི་བརླན་པར་ཕན།    རེད་པ་འགོག་ཆེད་ལག་པ་དང་ཡང་ན་དུག་སེལ་བྱས་མེད་པའི་དངོས་པོས་ལྟེ་བར་ཐད་ཀར་རེག་མི་རུང་།   ལྟེ་བའི་སྣེ་མོ་ལྷུང་རྗེས།  ཉིན་གཉིས་ཀྱི་ནང་དུ་ཟགས་ཐོན་མ་བྱུང་ན་ཁྲུས་གཞོང་དུ་ཁྲུས་བྱས་ཆོག

གཉིས།  མིག་དང་རྣ། ཁ། སྣ་བཅས་ཀྱི་བདག་སྐྱོང་བྱེད་ཐབས།

མིག་གི་བདག་སྐྱོང་བྱེད་ཐབས།  མིག་ནི་སེམས་ཀྱི་སྒེའུ་ཁུང་ཡིན་ལ། བྱིས་པ་དག་གིས་ཕྱི་རོལ་ཡུལ་ལ་བསམ་པ་བརྗེ་རེས་བྱེད་པའི་ལམ་གལ་ཆེན་ཞིག་ཀྱང་ཡིན་པས།   གཅེས་སྤྲས་བཟང་བོ་བྱེད་དགོས།   གསར་སྐྱེས་བྱིས་པའི་མིག་ཀོང་དུ་ཁྲག་ཐིག་ཆུང་ཆུང་མཐོང་བ་ནི་མངལ་བཙའ་བའི་གོ་རིམ་ཁྲོད་བྱུང་བ་ཡིན་པས།   དེ་རིམ་གྱིས་མེད་འགྲོ་བ་ཡིན།   མངལ་བཙའ་བའི་གོ་རིམ་ཁྲོད་གསར་སྐྱེས་བྱིས་པའི་མིག་ནི་མངལ་ལམ་གྱི་ཟགས་ཐོན་དང་སྐྱེ་དངོས་ཕྲ་རབ་ཀྱིས་སླད་སྐྱོན་ཐེབས་སླ་བས།  བཙས་གཞུག་ཏུ་བྱིས་པའི་མིག་ནང་དུ་བརྒྱ་ཆའི་ཉི་ཤུའི་ལིའུ་མའེ་སུའུ་མིག་སྨན་བཏུགས་ནས་ཚ་ནད་འབྱུང་བ་སྔོན་འགོག་བྱེད་དགོས།   གལ་ཏེ་རེད་པ་བྱུང་ན་མིག་ནང་དུ་མིག་སྐྱག་སེར་པོ་འབྱུང་ལ།  ཚབས་ཆེ་ན་དམར་ཞིང་སྐྲངས་པ་དང་ཚ་ཡང་རྒྱས་པས་དུས་ཐོག་ཏུ་སྨན་པར་བསྟེན་ནས་མཐོང་ལམ་ལ་གནོད་པ་སྔོན་འགོག་བྱེད་དགོས།   བྱིས་པའི་ངོ་བཀྲུ་བྱེད་ཀྱི་ཁྲུས་གཞོང་དང་ལག་ཕྱིས་ཚང་མ་གཞན་དང་འདྲེས་མི་རུང་བར།  རྒྱུན་པར་བཀྲུས་ནས་ཉི་མར་སྐམ་དགོས་པར་མ་ཟད།   གཙང་མ་མིན་པའི་དངོས་པོ་དང་ལག་པ་སོགས་ཀྱིས་ཐད་ཀར་བྱིས་པའི་མིག་ལ་རེག་མི་རུང་།

གསར་སྐྱེས་བྱིས་པའི་མིག་ལ་སྐྱེ་ལུགས་རང་བཞིན་གྱི་རྒྱང་བལྟའི་གོ་རིམ་ཞིག་ཡོད།    སྐབས་ལ་ལར་མིག་འབྲས་གཉིས་འཁོར་ཕྱོགས་ཐ་དད་ཡིན་པ་དང་ཡང་ན་སྐྱེ་ལུགས་རང་བཞིན་གྱི་འཕྲེད་ལྟ་བྱེད་ལ།  སྤྱིར་བཏང་དུ་བདུན་ཕྲག་གཉིས་ནས་བདུན་ཕྲག་བཞི་ཡི་ནང་གནས་ཚུལ་དེ་དག་མེད་འགྲོ་བ་ཡིན།  བྱིས་པའི་ཉལ་ཁང་གི་འོད་ཅུང་སྙོམས་པོ་ཡིན་དགོས་པས།  གློག་སྒྲོན་ཆེ་བ་བཀོལ་མི་རུང་།  བྱིས་པ་ཉི་མར་བསྲོ་སྐབས་ཉི་འོད་སྒྲིབ་ནས་མིག་སྲུང་སྐྱོབ་བྱེད་དགོས།   བྱིས་པའི་མཐོང་ལམ་དུ་གནས་གཅིག་ནས་དངོས་པོ་དང་རྩེད་ཆས་ཐུར་དུ་དཔྱངས་མི་རུང་།   དེ་ལྟར་གནས་གཅིག་ལ་བལྟས་བསྡད་ཚེ་བྱིས་པའི་མིག་འབྲས་འགུལ་སྐྱོད་ཀྱི་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་སྲིད།

རྣ་བའི་བདག་སྐྱོང་བྱེད་ཐབས།    གསར་སྐྱེས་བྱིས་པའི་རྣ་ནང་དུ།  འགོ་ཆུ་ལུས་ཡོད་ཀྱང་སྲིད་པས།  རྣ་བའི་ཚོར་བ་དང་ཐོག་སྐྱེན་པོ་མིན་རུང་། ཉིན་གཉིས་ནས་བདུན་གྱི་ནང་རྣར་ཚོར་བ་ཡོད་ལ།  བདུན་ཕྲག་གཉིས་ནས་བཞི་བ་ནས་བཟུང་ཕྱི་རོལ་གྱི་སྐད་སྒྲར་ཆེད་དུ་དམིགས་ནས་ཉན་ཐུབ།

བྱིས་པ་རེས་སྐོར་ནས་ཟུར་ལ་ཉལ་དུ་བཅུག་ན་རྣ་ལམ་གྱི་འགོ་ཆུ་ཕྱིར་བཞུར་ཡོང་བ་ཡིན་ལ། དེ་དུས་དུག་སེལ་མ་མོག་གིས་ཕྱི་དགོས།   ནུ་ཞོ་སྣུན་པ་དང་ཡང་ན་སྐྱུགས་དུས་སུ་རྣ་ལམ་དུ་བཞུར་བར་གཟབ་ནས་རྣ་བའི་གཙང་སྦྲ་ལ་དོ་སྣང་བྱེད་དགོས།   ནུ་ཞོ་སྣུན་པ་དང་ཡང་ན་སྐྱུགས་དུས་སོགས་སུ་རྣ་ལམ་དུ་སོང་ན་རྣ་བའི་ཚ་ནད་དང་རེད་པ་འབྱུང་སྲིད།

ཁའི་བདག་སྐྱོང་བྱེད་ཐབས།    བྱིས་པའི་ཁ་ནང་གི་འབྱར་སྐྱི་སྲབ་ཅིང་སྙི་བས། སེང་རས་དང་ལག་ཕྱིས་ཀྱིས་ཤེད་ཀྱིས་ཕྱིས་ཚེ་རྨ་བཏོད་སླ་བས།   ཁ་ནང་གཙང་སྦྲ་བྱེད་དུས་དུག་སེལ་མ་མོག་ཆུ་དྲོན་མོར་བརླན་ནས་ཡང་མོར་ཕྱི་དགོས།

སྣ་བའི་བདག་སྐྱོང་བྱེད་ཐབས།   བྱིས་པའི་སྣ་ཡི་གཙང་སྦྲ་ལ་རྒྱུན་པར་དོ་སྣང་བྱེད་དགོས།   གལ་ཏེ་འབྱར་བག་གི་ཟགས་ཐོན་གྱིས་འགག་ན་མ་མོག་ཆུ་དྲོན་མོར་བརླན་ནས་ཡང་མོར་ཕྱི་དགོས། སྨན་པའི་ངག་མ་བརྒྱུད་པར་སྣ་སྨན་གཏུགས་མི་རུང་།

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།