བཙས་གཞུག་ཏུ་དུས་ནམ་ཞིག་ལ་ཡར་ལངས་ནས་འགུལ་སྐྱོད་བྱེད་དགོས་སམ།
བྱིས་པ་བཙས་མ་ཐག་བང་མའི་ལུས་སེམས་ཐང་ཆད་ཡོད་པས། ཉལ་འདོད་པ་ཡིན། དེའི་རྐྱེན་གྱིས་བཙས་གཞུག་གི་དུས་ཚོད་ཉེར་བཞིའི་ནང་ཉལ་ནས་ངལ་གསོ་བྱེད་དགོས། ཡིན་ཡང་ཡར་ལངས་ནས་ཁ་ངོ་བཀྲུ་བ་སོགས་བྱས་ཆོག ཡར་ལངས་སྐབས་ཐོག་མར་བཙོག་ནས་ཅུང་ཙམ་བསྡད་དེ་མགོ་ཡོམ་མི་འཁོར་ན་ད་བཟོད་སར་འབབ་དགོས། གལ་ཏེ་ལུས་ཕུང་བདེ་ཐང་ཡིན་ལ་ཤེད་ཤུགས་ལྡན་པར་མ་ཟད། ངལ་དུབ་སོས་ཡོད་ན་བཙས་གཞུག་གི་དུས་ཚོད་ཉེར་བཞིའི་རྗེས་སུ་མལ་ལས་ལངས་ཆོག ཡར་ལངས་རྗེས་འགུལ་སྐྱོད་བྱེད་ཚད་རིམ་གྱིས་ཇེ་མང་དུ་གཏོང་དགོས། ཡར་ལངས་པའི་ཉིན་དང་པོར། ནངས་དགོང་དུ་ཉལ་ཁྲིའི་ཟུར་ནས་དུས་ཚོད་ཕྱེད་ཀར་བཙོག་དགོས་ལ། ཉིན་གཉིས་པར་ཁང་བའི་ནང་ནས་ཡར་མར་ལ་སོང་ཆོག དེའི་རྗེས་ནས་འགུལ་སྐྱོད་ཁྱབ་རྒྱ་རིམ་གྱིས་ཇེ་ཆེ་དང་དུས་ཚོད་རིམ་གྱིས་ཇེ་རིང་དུ་གཏོང་དགོས། བཙས་གཞུག་གི་ཟླ་ཕྱེད་རིང་ལ། ཁྱིམ་ལས་ཡང་མོ་ལས་ཆོག་མོད། འོན་ཀྱང་ལས་ཀ་ལྗིད་མོ་ལས་མི་རུང་། དེང་རབས་གསོ་རིག་གི་འདོད་ཚུལ་ནི་བཙས་རྗེས་སུ་སྔ་མོ་འགུལ་སྐྱོད་བྱེད་རྒྱུ་དེ་ཡིན། སྔ་མོ་ནས་འགུལ་སྐྱོད་བྱས་ན་སྙིགས་ཁུ་ཕྱིར་འབུད་པ་དང་བུ་སྣོད་སོས་པ། བཤང་གཅི་ཕུད་པ་བཅས་ལ་ཕན་པར་མ་ཟད། ཚང་ཁོག་དང་ཡང་ན་ཁོག་སྨད་སྡོད་རྩ་ཁྲག་རེང་འབྱུང་བ་སྔོན་འགོག་བྱེད་ཐུབ་ལ། བང་མའི་སྐབས་སུ་ནད་འབྱུང་བ་ཇེ་ཉུང་དུ་གཏོང་ཐུབ།
བང་ནང་གི་ལུས་སྦྱོང་བྱེད་ཐབས།
བཙས་གཞུག་ཏུ་ལུས་ཕུང་སྦྱོང་བརྡར་གྱི་རྩལ་སྦྱང་བྱས་ཆོག རྐང་པ་ཡར་འགྱོགས་པའི་འགུལ་སྐྱོད་དང་ཡར་དགྱེ་མར་སྒུར་གྱི་འགུལ་སྐྱོད་བྱས་ནས་གསུས་ཤ་རྐྱོངས་ཤུགས་སྦྱོང་བ་དང་གཞང་བཙུམ་འགུལ་སྐྱོད་བྱས་ནས་ཚང་ཞབས་ཀྱི་ཤ་གནད་སྦྱོང་བརྡར་བྱེད་པ། བང་ནང་དུ་ཚང་ཞབས་ཕུང་གྲུབ་ལྷོད་པ་སླར་སོས་མེད་པས། ལས་ཀ་ལྗིད་མོ་ལས་མི་རུང་། བང་ནང་དུ་ལུས་ཕུང་སོས་བྱེད་ཀྱི་སྦྱོང་བརྡར་བྱས་ན། བང་ནང་བསྡད་རྗེས་མལ་ལས་ལངས་ནས་སྦྱོང་བརྡར་བྱེད་པ་ཉུང་བའི་ཞན་ཆ་བསྐོང་ཐུབ་པར་མ་ཟད། ཚང་ཞབས་ཀྱི་ཤ་གནད་རྐྱོངས་ཤུགས་སླར་སོས་པར་ཕན་པ་ཡོད་ལ། དེ་མིན། བཙས་གཞུག་ཏུ་གཅིན་མི་ཚོགས་པ་དང་ལྒང་བ་དང་རྒྱུ་ཞབས་འབུར་བ། བུ་སྣོད་ལུག་པ་སོགས་སྔོན་འགོག་བྱེད་ཐུབ། འགུལ་སྟངས་གང་ཞིག་ཡིན་རུང་། མ་འགུལ་སྔོན་གྱི་འདུག་སྟངས་ཚང་མ་འདྲ་མཚུངས་ཡིན་ཏེ། གན་རྐྱལ་དུ་དྲང་མོར་ཉལ་ཞིང་མགོ་བོ་དྲང་མོར་བཞག་ནས་བྲང་ཁ་ཕྱིར་དོད་དགོས། འགུལ་སྐྱོད་མགོ་རྩོམ་སྐབས་ཐོག་མར་དབུགས་རིང་ཞིག་འཇུབ་དགོས་པ་དང་། འགུལ་སྐྱོད་བྱེད་སྐབས་དབུགས་འབྱིན་རྔུབ་ཡུད་ཙམ་ལ་མཚམས་བཞག་སྟེ་དེའི་རྗེས་དལ་གྱིས་དབུགས་ཕྱིར་ཕུད་དགོས། བཙས་གཞུག་གི་ཉིན་གཉིས་པ་ནས་བཟུང་མགོ་བརྩམས་ཆོག་ལ། རྗེས་སུ་འགུལ་སྐྱོད་ཀྱི་ཤེད་རྐྱོངས་ཚད་དང་གྲངས་ཀ་རིམ་གྱིས་ཇེ་ཆེ་དང་ཇེ་མང་དུ་གཏོང་དགོས། གཤམ་ནས་བང་ནང་གི་ལུས་ཕུང་སྦྱོང་བརྡར་གྱི་འགུལ་སྟངས་སླ་མོ་འགའ་མཚམས་སྦྱོར་རགས་ཙམ་བྱེད།
གཅིག དབུགས་འབྱིན་རྔུབ་ཀྱི་འགུལ་སྐྱོད། ཁ་ཡར་འཁོར་ནས་དྲང་མོར་ཉལ་ཏེ་ལག་པ་གཉིས་དལ་མོར་བྲག་ཁར་བཞག་ནས་དབུགས་རིང་ཞིག་འཇུབ་སྟེ་དོན་སྣོད་ཡར་འདྲེན་པར་བཅུག་རྗེས་དབུགས་ཕྱིར་ཕུད་དགོས། ཉིན་རེར་ཐེངས་གཉིས་ལ་སྦྱོང་དགོས། བཙས་གཞུག་གི་ཉིན་གཉིས་པ་ནས་བཟུང་མགོ་བརྩམས་ཏེ་གཟའ་འཁོར་བཞི་པའི་བར་སྦྱོང་དགོས། དེ་ལྟར་བྱས་ན་ཁོག་གི་དོན་ལྔ་སྣོད་དྲུག་སྦྱོང་བརྡར་བྱེད་པ་ཡིན།
གཉིས། རྐང་འགྱོགས་འགུལ་སྐྱོད། ཁ་ཡར་འཁོར་ནས་དྲང་མོར་ཉལ་རྗེས། ལག་པ་གཉིས་དྲང་མོར་འགྲམ་གཉིས་སུ་བརྐྱངས་པ་དང་རྐང་པ་གཉིས་རེས་སྐོར་ནས་ཡར་བཀྱགས་ཏེ་ལུས་པོ་དང་དྲང་ཟུར་དུ་འགྱོགས་དགོས། དེ་ལྟར་རྐང་པ་གཉིས་ཐེངས་ལྔ་ལ་འགྱོགས་དགོས་པ་དང་། ཉིན་རེར་ཐེངས་གཉིས་ལ་འགུལ་སྐྱོད་བྱེད་དགོས། བཙས་གཞུག་གི་ཉིན་བཅུ་བ་ནས་མགོ་བརྩམས་ཏེ་བདུན་ཕྲག་བཞི་པའི་མཇུག་བར་དུ་སྦྱོང་དགོས། དེ་ལྟར་བྱས་ན་གསུས་པ་དང་བླ་ཡི་ཤ་གནད་ཀྱི་ཤེད་སྦྱོང་བརྡར་བྱེད་པ་ཡིན།
གསུམ། གསུས་པ་ཡར་འགྱོགས་པའི་འགུལ་སྐྱོད། ཁ་ཡར་འཁོར་ནས་དྲང་མོར་ཉལ་རྗེས། པུས་མོ་གཉིས་བཀུག་སྟེ་རྐང་པ་གཉིས་ཉལ་ཁྲིའི་སྟེང་ངོས་དང་མཉམ་དུ་བཞག་ནས་ཨོང་ཤ་ཡར་བཀྱགས་ནས་ལུས་པོའི་ལྗིད་ཚད་ཕྲག་པ་དང་རྐང་པ་གཉིས་ཀྱི་སྟེང་ལ་བཞག་ནས་སྐར་མ་གཅིག་ལ་འདུག་དགོས། དེ་ལྟར་ཉིན་རེར་ཐེངས་གསུམ་ལ་འགུལ་སྐྱོད་བྱེད་དགོས། དེ་ལྟར་བྱས་ན་རྐེད་པ་དང་ཨོང་ཤའི་ཤེད་སྦྱོང་བརྡར་བྱེད་པ་ཡིན།
བཞི། གཞང་བཙུམ་སྦྱོང་བརྡར། ཁ་ཡར་འཁོར་ནས་དྲང་མོར་ཉལ་རྗེས་རྐང་པ་གཉིས་ཁ་བཀར་ནས་ཤེད་ཀྱིས་ནང་ལ་གཤིབ་པ་དང་དེ་དང་མཉམ་དུ་གཞང་ཁ་བཙུམ་དགོས། དེའི་རྗེས་སུ། རྐང་པ་གཉིས་ཁ་བཀར་དགོས་པར་མ་ཟད། གཞང་ཁ་ལྷོད་དགོས། དེ་ལྟར་བྱས་ན། ཚང་ཞབས་ཀྱི་ཤ་གནད་སྦྱོང་བརྡར་བྱེད་པ་ཡིན།
བང་མའི་ལུས་གསོ་སྦྱོང་བརྡར་ནི་སྦྱང་སླ་བས། བང་མས་རང་གི་ནུས་ཚོད་ཀྱིས་རྩལ་སྦྱང་གི་དུས་ཚོད་དང་གྲངས་ཀ་གཏན་ལ་ཕབ་དགོས། རྩོལ་ཤུགས་དྲགས་མི་རུང་ལ། ཐེངས་རེར་སྐར་བཅོ་ལྔ་དང་ཉིན་རེར་ཐེངས་གཉིས་ལ་སྦྱོང་དགོས།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།