《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》ཁག་དྲུག་པ།
2024.09.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13

དོན་ཚན་ཉེར་དྲུག་པ།     བྱི་རིམས་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ཀྱིས་འགྲིམ་འགྲུལ་རིམས་ནད་ཞིབ་བཤེར་བྱེད་སྐབས།   གཤམ་གྱི་བྱེད་ཐབས་དེ་དག་སྤྱད་ཆོག    གཅིག   བྱི་རིམས་བྱུང་ས་དང་ཡང་ན་རིམས་ནད་ཁུལ་དུ་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དང་དེའི་ནང་དུ་སྐྱེལ་འདྲེན་བྱེད་པའི་མི་སྣ་དང་དངོས་ཟོག་ལ་རིམས་ནད་ཞིབ་བཤེར་བྱེད་དགོས།  གཉིས།   བྱི་རིམས་བྱུང་བའི་ནད་པ་དང་བྱི་རིམས་དོགས་ཡོད་ནད་པ། དེ་མིན་འབྲེལ་འདྲིས་དམ་ཟབ་བྱུང་བའི་མི་སྣ་བཅས་ལ་གནས་སྐབས་ལོགས་བཀར་དང་གསོ་རིག་ཞིབ་བཤེར་ལག་བསྟར་བྱེད་དགོས་པར་མ་ཟད།   འཕྲལ་བསྟུན་གསོ་རིག་བྱེད་ཐབས་གཞན་པ་སྤྱོད་དགོས།    གསུམ།    བྱི་རིམས་ནད་གཞིས་འབག་བཙོག་ཐེབས་པ་དང་ཡང་ན་འབག་བཙོག་ཐེབས་སྲིད་པའི་དངོས་པོར་ཞིབ་བཤེར་དང་འཕྲོད་བསྟེན་ཐག་གཅོད་བྱེད་ཐབས་སྤྱོད་དགོས།   བཞི།   བྱི་རིམས་བྱུང་ས་དང་ཡང་ན་རིམས་ནད་ཁུལ་བརྒྱུད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དང་དེ་སྡོད་སར་བྲེལ་མྱུར་འཕྲོད་བསྟེན་ཐག་གཅོད་བྱེད་ཐབས་ལག་བསྟར་བྱེད་དགོས།   གཞུང་ལམ་དང་ལྕགས་ལམ།   ཆུ་ལམ།   མཁའ་འགྲུལ་སོགས་བདག་གཉེར་སྡེ་ཁག་གིས་འབྲེལ་ཡོད་གཏན་འཁེལ་ལྟར།  མི་སྣ་དང་དངོས་རྗས།  དངོས་ཟོག  དེ་མིན་སྐྱེལ་འདྲེན་ཡོ་བྱད་བཅས་ལ་བྱི་རིམས་འགྲིམ་འགྲུལ་ཞིབ་བཤེར་བྱེད་དགོས།

དོན་ཚན་ཉེར་བདུན་པ།   བྱི་རིམས་བརྟག་དཔྱད་དང་མ་དཔེ་བསྡུ་རུབ།  ཞིབ་བཤེར།   ལོགས་བཀར། སྨན་བཅོས་སོགས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱོད་སྐབས།   འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་མཐུན་སྦྱོར་བཟང་བོ་བྱེད་དགོས་པར་མ་ཟད།   གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད་དགོས་པ་ལས།   གནས་ཚུལ་སྦ་གསང་དང་ནར་འགྱངས།  རྫུན་ཞུ་བཅས་བྱེད་མི་རུང་།   དོན་ཚན་ཉེར་བརྒྱད་པ།   བྱི་རིམས་བྱུང་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་དང་བརྡ་འཕྲིན་བསྐུར་བ།   ཉེན་བརྡའི་མཚོན་རྟགས་འགོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བྱི་རིམས་ཉེན་ཁའི་སྔོན་བརྡ་ཁྱབ་བསྒྲགས་བྱས་ནས་བྱི་རིམས་འབྱུང་བ་སྔོན་འགོག་ཚོད་འཛིན་བྱེད་དགོས།

དོན་ཚན་ཉེར་དགུ་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་འཛིན་པ་དང་གསོད་པ་སོགས་བྱས་ནས་བྱི་རིམས་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

དོན་ཚན་སུམ་ཅུ་པ།   ནད་རིགས་འགོག་བཅོས་དང་ཚན་རིག་ཞིབ་འཇུག་ཐད་ཀྱི་དགོས་མཁོ་ལས་གཞན།   སྡེ་ཁག་དང་མི་སྒེར་གང་རུང་གིས་གཤམ་གྱི་བྱི་རིམས་འབྱུང་བ་དང་འགོས་ཁྱབ་དུ་འགྲོ་བའི་ཉེན་ཁ་ཡོད་པའི་བྱ་སྤྱོད་སྤེལ་མི་རུང་།  གཅིག  འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་རྔོན་པ་དང་གསོ་བ།   ཁ་ཟས་སྟེར་བ་སོགས་བྱེད་མི་རུང་།   གཉིས།  འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་དང་དེའི་ཐོན་རྫས་ལས་སྣོན་དང་སྐྱེལ་འདྲེན།   ཉར་ཚགས།   ཉོ་ཚོང་།   འགྲེམ་སྟོན་བཅས་བྱེད་མི་རུང་།   འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་དང་དེའི་ཐོན་རྫས་ཁ་ཟས་སུ་བྱེད་མི་རུང་།

དོན་ཚན་སོ་གཅིག་པ།   སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་གཏན་འཁེལ་བྱས་པའི་བཅའ་ཁྲིམས་འགན་འཁྲི་ལག་བསྟར་བྱེད་དགོས།

དོན་ཚན་སོ་གཉིས་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས།  འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་རྔོན་པ་སོགས་བྱས་ན།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་རྩྭ་དང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་རང་གི་འགན་འཁྲི་ཁག་བགོས་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་།   འཕྱི་བ་སོགས་བྱི་རིམས་འབྱུང་ཁུངས་ཀྱི་སྲོག་ཆགས་དང་རྔོན་འཛིན་ཡོ་བྱད།   ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ཚད་གཞུང་བཞེས་བྱེད་དགོས་པར་མ་ཟད།   སྒོར་སྟོང་གཉིས་ཀྱི་ཡན་དང་ཁྲི་གཅིག་གི་མན་གྱི་ཆད་པ་གཅོད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།