མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་དྭགས་དགོ་བའི་གྲངས་ཀ་སྟོང་གཉིས་ལྷག་ལ་སླེབས་པ།
2017.09.21 ཁུངས། ཀློག་གྲངས། 36
ཉེ་ལམ། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཚེས་ཉི་ཤུ་ཉིན་བར་སྤེལ་བའི་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་པོ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ཚད་འཇལ་ལྟ་རྟོག་བྱ་བ་སྤེལ་བའི་ཁྲོད། མཚོ་སྔོན་པོ་ས་ཁུལ་གྱི་རི་དྭགས་དགོ་བ་ཁྱབ་ཡོད་སའི་ས་ཁོངས་བཅུ་བཞིའི་ལམ་ཐིག་བཅུ་བདུན་སྟེང་དུ། བསྡོམས་པས་རི་དྭགས་དགོ་བ་སྟོང་གཉིས་དང་བཅུ་ཡོད་པ་ཐོ་འགོད་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་ལྔ་བརྒྱ་དང་ཞེ་དྲུག་ཇེ་མང་དུ་སོང་། དེའི་ནང་རི་དྭགས་དགོ་བ་ཕོ་བཞི་བརྒྱ་ཉེར་གཉིས་དང་། མོ་སྟོང་གཅིག་དང་སོ་བདུན་ཡོད་ལ། དགོ་ཕྲུག་ལྔ་བརྒྱ་ང་གཅིག་ཡོད་པ་རེད། 
 
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོ་ནི་ལོ་སྔོན་མ་དང་མི་འདྲ་ས་ཞིག་ནི་ཚད་འཇལ་ཁྲོད་ལམ་ཐིག་བཞི་ཇེ་མང་དུ་བཏང་བ་དང་། དེས་རི་དྭགས་དགོ་བ་ཡོད་སར་ལྟ་རྟོག་བྱེད་པའི་ཁྱབ་རྒྱ་ཇེ་ཡངས་དུ་བཏང་། དེ་དང་ཆབས་ཅིག་ཏུ། ཐེངས་འདིའི་རྟོག་ཞིབ་བྱ་བ་དེ་རི་དྭགས་དགོ་བས་དགོ་ཕྲུག་རྩེབས་པའི་དུས་ལ་འཁེལ་བས། དགོ་ཕྲུག་རྣམས་དགོ་མོའི་རྗེས་འབྲངས་བཞིན་ཡོད་པས། ཚད་འཇལ་བྱེད་པའི་དུས་ཧ་ཅང་བཟང་བོ་ཞིག་ཡིན་པ་དང་། དེར་མ་ཟད་ད་དུང་རི་དྭགས་དགོ་བའི་ཁྱབ་རྒྱ་ལྟོས་བཅས་ཀྱིས་གཅིག་འདུས་ཡིན་པ་རེད། 
 
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཚན་རྩལ་ཁྲུའུ་ཡི་འགོ་བ་ཡང་ཐོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་ཉེ་ལམ་སྤེལ་བའི་མཚོ་སྔོན་པོ་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་འཇལ་བྱེད་པའི་བྱ་འགུལ་ཁྲོད་ཆེས་ཐོག་མར་མི་བསྡད་མེད་པའི་གནམ་གྲུའི་ནང་ལྟ་ཞིབ་བྱེད་པའི་ལག་རྩལ་བཀོལ་བས། རི་སྐྱེས་སྲོག་ཆགས་དགོ་བ་ཡི་རིགས་རྒྱུད་གྲངས་ཀ་དང་ས་ཁམས་ཁྱབ་ཁོངས་ཀྱི་རྟོག་ཞིབ་མངོན་འགྱུར་བྱེད་ཐུབ་པ་བྱུང་བ་དེས། ཚད་འཇལ་དོ་དམ་ཆུ་ཚད་ཇེ་མཐོར་སོང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཕན་འབྲས་ལ་སྐུལ་འདེད་བྱས། 
 
དེ་དང་ཆབས་ཅིག་ཏུ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡིས་སྐྱེ་ཁམས་འཛུགས་སྐྲུན་བརྟན་འཇགས་ངང་སྤེལ་བར་ཡར་སྐུལ་བྱས་པ་དེ་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་སྲོལ་ཡིག་ལ་གཞི་བཅོལ་ཡོད་པ་དང་། བྱ་གླིང་དང་། དཀར་ལྷ་བརླན་ས། རྟ་ནག་མ་བརླན་ས་སོགས་ཆུ་བྱ་ངལ་གསོ་བྱེད་སའི་གནས་དང་། ཝ་འཇོག ཧར་དགེ་སོགས་རི་དྭགས་དགོ་བ་ཁྱབ་ཡོད་ས་རུ་མི་བསྡད་མེད་པའི་གནམ་གྲུ་སོང་མི་ཆོག་པའི་བརྡ་ཡིག་བཀྲམས་ཏེ། སྤྱི་ཚོགས་སྟེང་གི་མང་ཚོགས་རྣམས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་འདེད་བྱས། 
 
ལོ་ཙཱ། ཚེ་རིང་སྒྲོལ་མ།