མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཞིང་སྡེའི་གློག་དྲ་རིམ་སྤར་བྱས་པས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་བཏང་།
2017.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

“དེ་རིང་གཙོ་བོ་བར་སྣང་ནས་ལས་ཀ་ལས་རྒྱུ་དེ་ཡིན་ལ། བདེ་འཇགས་ཀྱི་བྱེད་ཐབས་བཟང་བོ་བཀོལ་དགོས།”ཉེ་ལམ། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་མོག་རུ་སྡེ་གསར་གྱི་གློག་དྲ་རིམ་སྤར་བསྒྱུར་བཅོས་བཟོ་སྐྲུན་ཏེ་ལག་བསྟར་བྱས་ནས་ཁྱིམ་ཚང་ལ་གློག་སྐུད་འཐེན་པའི་དུས་རིམ་དུ་སླེབས་ཡོད་པ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་འདོན་ཀུང་སི་ཡི་ལས་བཟོ་བས་ཡུལ་དངོས་བདེ་འཇགས་དོ་དམ་གྱི་བྱ་བ་སྤེལ་ནས། རིམ་སྤར་བསྒྱུར་བཀོད་བྱས་ཏེ་གློག་མཁོ་འདོན་བྱེད་པར་གྲ་སྒྲིག་ལེགས་པོ་བྱས།

མོག་རུ་སྡེ་གསར་གྱི་བྱུ་རུ་དམར་པོའི་མགྲོན་ཁང་ནང་དུ། སྦྱིན་བདག་ཚེ་རིང་བྱམས་ཀྱིས་སེམས་ཞིབ་མོས་ཉེ་ལམ་གྱི་ཚོང་གཉེར་གནས་ཚུལ་རྩིས་རྒྱག་བཞིན་འདུག་ལ། གདོང་ལ་འཛུམ་གྱིས་ཁེངས་ཡོད། “མི་འགྱང་པར་གློག་འཐེན་རྒྱུ་ཡིན་ཟེར་བ་ཐོས་ནས། ངས་ཆུ་སྲོ་ཆས་གསར་བ་ཉོས་པ་དང་ཁང་བའི་ནང་དུ་དྲོད་སྙོམ་བཞག་ཡོད་པས། ཁང་བའི་རིམ་པ་འཕར་བ་མ་ཟད། ད་ལོའི་དགུན་ཁར་གནས་སྐོར་བ་རྣམས་ཀྱིས་ཁང་བའི་ནང་གྲང་བར་སེམས་ཁུར་བྱེད་མི་དགོས། ”ཞིང་སྡེའི་གློག་དྲ་རིམ་སྤར་བསྒྱུར་བཀོད་ཀྱི་བཟང་ཆ་གླེང་སྐབས། ཚེ་རིང་བྱམས་དགའ་སྤྲོའི་ཁེངས་ཡོད།

ཚེ་རིང་བྱམས་ནི་ས་དེ་ནས་ནར་སོན་པའི་འབྲོག་པ་ཞིག་ཡིན་ལ། མགྲོན་ཁང་མ་ཕྱེས་སྔོན་ལ་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ལོ་འདི་གཉིས་ཀྱི་རིང་ལ། མཚོ་སྔོན་པོའི་ཁྱད་པར་བའི་གནས་སྐོར་ཐོན་ཁུངས་ལ་བརྟེན་ནས། ཁོས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཞིག་ཕྱེས་པ་དང་། མགྲོན་ཁང་དུ་བསྡོམས་པས་ཁང་བ་ཉི་ཤུ་ཡོད། གནས་སྐོར་བ་མང་པོའི་དུས་སུ། ཁོའི་མགྲོན་ཁང་དུ་ནམ་ཡང་མགྲོན་པོས་བཀང་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མོག་རུ་སྡེ་གསར་དུ། ཚེ་རིང་བྱམས་ལྟ་བུའི་ལས་སྐྲུན་ཁྱིམ་ཚང་ཧ་ཅང་མང་ལ། སྡེ་བའི་ནང་གི་འབྲོག་པ་ཁྱིམ་ཚང་ཉེར་བཞི་ཡིས་མགྲོན་ཁང་ཕྱེས་ཡོད་པ་དང་། ད་ལྟ། སྡེ་བའི་མགྲོན་ཁང་དུ་ཁང་བ་སྟོང་གཅིག་ལྷག་ཡོད་པ་དང་། ཉིན་རེར་ཆ་སྙོམས་བྱས་ན་གནས་སྐོར་བ་སྟོང་བཞིའི་ཡན་སྣེ་ལེན་བྱེད་ཐུབ།

ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟ་བུའི་མགྲོན་ཁང་གིས་ས་གནས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་ཆབས་ཅིག ཆུ་གློག་འདོན་སྤྲོད་ཀྱི་ཆུ་ཚད་ལ་ཡང་སྔར་ལས་རེ་བ་མཐོན་པོ་བཏོན་ཡོད། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གློག་འདོན་ཀུང་སི་ཡི་བདེ་འཇགས་མི་སྣ་ཀྲང་ལུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། མོག་རུ་སྡེ་གསར་དུ་དེ་སྔོན་སྟོང་ཧྥུ་ཉིས་བརྒྱ་ཅན་གྱི་གློག་གནོན་སྒྱུར་ཆས་གཅིག་ཡོད་པ་དང་། གློག་ཤུགས་ཐེག་ཚད་སྟོང་ཝ་བརྒྱ་དང་ཉི་ཤུ་རེད། ད་ལོའི་ཚུན་ལ། མགྲོན་ཁང་གི་གློག་བཀོལ་སྒྲིག་ཆས་མུ་མཐུད་དུ་ཇེ་མང་དུ་སོང་བས། གློག་ཤུགས་ཐེག་ཚད་ཆེས་ཆེ་བ་སྟོང་ཝ་སྟོང་གཅིག་དང་བཞི་བརྒྱ་དོན་གཅིག་ལ་སླེབས་ཡོད་ཟེར། དེ་སྔོན་གྱི་གློག་སྣོན་དམའ་བའི་དུས་ཀྱི་གནས་ཚུལ་གླེང་སྐབས་ཚེ་རིང་བྱམས་ཀྱིས་མྱོང་ཚོར་ཟབ་མོས་སྒོ་ནས་བཤད་རྒྱུར། “མཚོ་སྔོན་པོའི་ནམ་ཟླ་འགྱུར་ལྡོག་ཆེ་བ་དང་། ཆར་བབས་ཚེ་ཁང་བའི་ནང་དུ་དྲོད་རླངས་མེད་ན་ཧ་ཅང་འཁྱག་པ་དང་། དྲོད་རླངས་ཀྱི་ཁ་ཕྱེ་ཚེ་གློག་ཤུགས་ཀྱི་ཐེག་ནུས་ལ་ཚད་བཀག་ཡོད་ལ་བཀོལ་སྤྱོད་བྱེད་མི་ཐུབ་པས། མགྲོན་པོ་རྣམས་ཀྱི་དུས་རྒྱུན་འཁང་ར་བྱེད་ཀྱིན་ཡོད”ཟེར།

ནུས་ཤུགས་ཡོད་དགུས་ས་གནས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་ལྷོའི་གློག་འདོན་ཀུང་སིས་མོག་རུ་སྡེ་གསར་གྱི2017ལོའི་ཞིང་སྡེའི་གློག་དྲ་རིམ་སྤར་བསྒྱུར་བཀོད་དེ་འཆར་འགོད་ཁྲོད་བཞག་ཡོད་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་བཏང་ལ། སྟོང་ཧྥུ་ཐིག་དང་གྲངས་ཆུང་བཞི་དང་དེ་མིན་གློག་ཤུགས་སྐུད་ལམ་སྟོང་མུས་གཉིས་དང་གྲངས་ཆུང་བརྒྱད་གསུམ་གསར་དུ་འཐེན་པ་དང་། སྤྱིའི་ཤོང་ཚད་སྟོང་ཧྥུ་སྟོང་གཅིག་དང་དྲུག་བརྒྱ་ཡི་གློག་གནོན་བསྒྱུར་ཆས་བཞི་སྒྲིག་སྦྱོར་བྱས།

གློག་ནུས་ཀྱིས་རོང་འབྲོག་པ་རྣམས་ལ་ཕྱུག་བསྒྱུར་ཀྱི་བགྲོད་ལམ་གསར་བ་འདོན་སྤྲོད་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོའི་ས་ཁུལ་གྱི་གློག་འདོན་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་ཆེད། མཚོ་ལྷོའི་གློག་འདོན་ཀུང་སི་ཡིས་གློག་དྲའི་དྲ་བའི་གྲུབ་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་བཏང་། 2016ལོར། གློག་འདོན་ཀུང་སི་ཡིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་བདུན་བཏང་ནས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྟ་ནག་མ་དང་ཅང་ཤེས་ཁུག་ཞང་བཅས་ལ་སྟོང་ཧྥུ་བཅུ་ཅན་གྱི་སྐུད་ལམ་བཞི་རིམ་སྤར་བསྒྱུར་བཀོད་བྱས་པ་དང་། ས་གནས་ཀྱི་གློག་གི་ཐེག་ནུས་ལ་ཟུང་འབྲེལ་བྱས་ཏེ། སྤྱིའི་ཤོང་ཚད་སྟོང་ཧྥུ་སྟོང་ལྔ་ཡིན་པའི་གློག་གནོན་བསྒྱུར་ཆས་བཞི་ཁ་སྣོན་བྱས་ལ། གློག་སྐུད་རྙིང་བ་སྟོང་མུས་གོ་གསུམ་བརྗེ་བས། ཕྱོགས་ཡོངས་ནས་གློག་འདོན་སྤྲོད་བྱེད་སྐབས་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱས་པ་དང་། ས་གནས་ཀྱི་འབྲོག་པ་རྣམས་ཕྱུག་བསྒྱུར་བྱས་ཏེ་འབྱོང་འབྲིང་གི་བགྲོད་ལམ་དུ་བསྐྱོད་པར་སྤྲོ་སེམས་འཕེལ་དུ་བཅུག

ལོ་ཙཱ་བ། ཤ་བོ་རིན་མཚོ།