མཚོ་སྔོན་པོར་སྒེག་འཆོར་བཟོ་མཁན།
2017.09.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 50

ལོ་བཅུའི་རིང་ལ། ཁོ་མོའི་རྐང་རྗེས་རེ་རེ་མཚོ་སྔོན་པོའི་ལྷོ་འགྲམ་རྩྭ་ཐང་གི་གང་སར་ཁྱབ་ཡོད་ལ། རྒྱལ་ལམ109ཡི་ལམ་རྒྱུད་དུ་ཕར་འགྲོ་ཚུར་འོང་ག་འདྲ་བྱས་པ་ཤེས་དཀའ་ཞིང་། ལྷག་ཏུ་ཁོ་མོས་གད་སྙིགས་ག་ཙམ་བཏུས་པ་དེ་ལས་ཀྱང་བརྗོད་དཀའ།

ད་ལོ་ལོ་ང་བཞི་ཡིན་པའི་ཚེ་རིང་སྐྱིད་ཀྱིས་ལོ་བཅུ་ཉིན་གཅིག་ནང་བཞིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཞིང་། ཁོ་མོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་དོར་མ་མྱོང་ལ། མཛེས་སྡུག་གི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཀྱང་བསྒྱུར་མ་མྱོང་།

“ ཀྲུང་གོའི་ཆེས་མཛེས་པའི་མཚེའུ”སོགས་ཀྱི་མཚན་སྙན་ཡོད་པའི་མཚོ་སྔོན་པོ་ནི་ནུབ་ཕྱོགས་ཀྱི་བྱེ་མ་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི“རང་བྱུང་སྲུང་ཡོལ”ལྟ་བུ་ཡིན་ལ། “མཚོ་བོད་མཐོ་སྒང་གི་གཞི་རྒྱུའི་མཛོད”ཀྱི་མཚན་སྙན་ཀྱང་ཡོད་པས། སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེན་ལྡན།

གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བར་ཐོན་པ་ན། སྡེ་མི་ཚེ་རིང་སྐྱིད་ཀྱིས་རྒྱལ་ལམ109ཡི་ལམ་རྒྱུད་ཀྱི་གད་སྙིགས་དག་བཏུས་ནས་རང་གིས་གྲ་སྒྲིག་བྱས་པའི་གད་སྙིགས་འཇོག་སའི་ཁུག་མའི་ནང་འཇོག་བཞིན་ཡོད་པ་མཐོང་།

གསར་འགོད་པས་ཚེ་རིང་སྐྱིད་ལ་བཅར་འདྲི་བྱེད་སྐབས་ཀྱང་ཁོ་མོས་ལག་གི་ལས་ཀའི་མཚམས་བཞག་མ་མྱོང་ལ། གསར་འགོད་པས་ཚེ་རིང་སྐྱིད་ལ་ཁྱོད་ཀྱིས་མ་སྐུལ་དང་བླངས་སྒོས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གད་སྙིད་གཙང་དག་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པ་ན། ཁོ་མོས་གསར་འགོད་པར་བཤད་རྒྱུར། ངས་མ་སྐུལ་དང་བླངས་སྒོས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་དག་བྱེད་པའི་རྒྱུ་མཚན་ནི། ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་ཆེད་དུ་ཡིན་ཟེར།

ཁོ་མོས་གསར་འགོད་པར་བཤད་རྒྱུར། ངས་ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་རྒྱུད་དུ་འཚོ་བ་རོལ་བ་ཡིན་པས། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ག་འདྲ་འབྱུང་བཞིན་པར་གསལ་ཆ་ཆེན་པོ་ཡོད། དེ་བས་རང་ཉིད་ལ་ཅིས་ཀྱང་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང་ཟེར།

ཚེ་རིང་སྐྱིད་ལྟ་བུའི་མ་སྐུལ་དང་བླངས་སྒོས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མི་ཧ་ཅང་མང་ལ། ཁོ་ཚོས་དུས་ནམ་ཡང་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་འདོན་བཞིན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ་བདུན་པའི་བར། མཚོ་སྔོན་པོ་ནས་ཐོག་དང་པོར་བྱེའུ་མགོ་སྐྱ་མཐོང་བས། མཚོ་སྔོན་པོའི་བྱ་རིགས་ཀྱི་སྣ་ཁ་དེ་སྔར་ཡོད་ཀྱི་ཉིས་བརྒྱ་ཉེར་གཉིས་ནས་ཉིས་བརྒྱ་ཉེར་གསུམ་དུ་འཕར། 2016ལོའི་ལོ་མཇུག་གི་བར་མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ཁྲི་བདུན་ལྷག་ཏུ་བསླེབས། ད་ལོའི་ལོ་མགོར། མཚོ་སྔོན་པོའི་གཞི་ཁྱོན་སྟོང་མུས་གྲུ་བཞི་མ་ཆིག་བརྒྱ་རེ་དགུ་ལྷག་ཏུ་འཕར་སྣོན་བྱུང་།

སྲིད་གཞུང་ནས་མང་ཚོགས་བཅས་གོང་འོག་བར་གསུམ་ཚང་མས་མཛེས་སྡུག་གི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རང་ཉིད་ཀྱི་ནུས་པ་བཏོན་དང་འདོན་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།