མཚོ་སྔོན་པོའི་གསེར་ཉ།
2017.09.28 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 51

མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་ནང་ན་མ་གཏོགས་མེད་པའི་ཉ་རིགས་ཤིག་ཡིན་ལ། རང་རྒྱལ་གྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་གཉིས་པ་ཡིན། ལི་ཉའི་སྡེ་ཡིན། རིག་གཞུང་གི་ཐ་སྙད་དུ་ལི་ཉ་རྗེན་པ་ཟེར། ལུས་སྟེང་དུ་ཁྲབ་མེད། མགོ་རྟུལ་ཞིང་སྒོར་སྒོར་དང་། མཆུ་ནི་མགོའི་མདུན་སར་ཡོད་ལ་ཁ་སྤུ་མེད། རྒྱབ་དམར་སྐྱ་དང་ཁམ་སེར་ཡིན་ཞིང་གསུས་འོག་སྐྱ་བོའམ་སེར་སྐྱ་ཆགས་ཡོད། ལུས་པོའི་གཡས་གཡོན་ནས་ཚུལ་ལྡན་མིན་པའི་སེར་མདོག་ཁྲ་བོ་ཡོད། རྔ་གཤོག་དེ་ཐལ་སྐྱ་ཡང་ན་དམར་སྐྱ་ཡིན།

ཟླ་བཞི་བའི་ཟླ་སྟོད་དུ། མཚོ་སྔོན་པོའི་གསེར་ཉ་མཚོ་སྔོན་པོར་བཞུར་བའི་ཆུ་མདོར་འདུ་མགོ་བརྩམས་ནས། མཚོ་སྔོན་པོར་བྲལ་ཏེ་ཆུ་བོའི་མགོ་ཁུངས་སུ་རྐྱལ་མགོ་བརྩམས། ཆུ་བོའི་མགོ་ཁུངས་སུ་རྐྱལ་ནས་འགྲོ་བ་ནི་གསེར་ཉར་འཕྲད་པའི་ཆེས་གལ་ཆེ་བའི་ཚོད་བགམ་ཡིན། ལུས་སྟོབས་ཆེ་བའི་གསེར་ཉ་ཁོ་ན་ད་གཟོད་མཚོ་སྔོན་པོར་བཞུར་བའི་ཆུ་མདོའི་ཚྭ་མེད་ཆུ་བོར་རྐྱལ་ཐུབ་པ་རེད། སྒོ་ང་གཏོང་བའི་དུས་གཞུང་ནི་ཟླ་ལྔ་བའི་ཟླ་སྟོད་ནས་ཟླ་དྲུག་པའི་ཟླ་སྨད་བར་དང་། སྤྱིར་བཏང་དུ་ཧ་ལམ་ཉིན་དྲུག་ཅུ་རིང་ལ་ཆུ་བོའི་ནང་དུ་སྒོ་ང་གཏོང་བཞིན་ཡོད།

ཆོས་རྗེ་ཆུ་བོ་ནི་མཚོ་སྔོན་པོའི་ནུབ་འགྲམ་གྱི་ཉ་གསེར་མིག་གི་ཕྲུ་གུ་གཏོང་སའི་ཆུ་ལམ་གལ་ཆེན་ཞིག་ཡིན། ལོ་རེ་རེར་ཉུང་མཐར་ཡང་གསེར་ཉ་ཏུན་བཅུ་ལྷག་གིས་ཆོས་རྗེ་ཆུ་བོའི་ཆུ་ལམ་ནས་འཁྱུག་འགྲོས་བྱེད་ཅིང་སྒོ་ང་གཏོང་བཞིན་ཉ་ཕྲུག་མང་པོ་སྐྱེད་སྲིང་བྱེད་བཞིན་ཡོད། ཆུ་བོ་དེ་ནི་དུས་ཚིགས་རང་བཞིན་གྱི་ཆུ་བོ་ཞིག་ཡིན། ལོ་རེའི་ཟླ་ལྔ་པར་ཆུ་བོ་རྒྱས་ཤིང་། ཟླ་བཅུ་བར་སླེབས་ཚེ་བཞུར་ཆུ་ཅུང་ཟད་སྐམ་ནས་ཆུ་ཆུང་བའི་དུས་ཚིགས་བསུ་ཡོང་བ་རེད།

སྤྱི་ལོ1997ལོར་བཙུགས་པའི་མཚོ་སྔོན་པོ་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་གསོ་སྤེལ་ཚེ་ཐར་ས་ཚིགས་ནི་རང་ཞིང་གིས་བཙུགས་པའི་གསོ་སྤེལ་ས་ཚིགས་ཐོག་མ་རེད། སྤྱི་ལོ2002ལོ་ནས་བཟུང་གཞི་རྒྱ་ཆེན་པོས་མཚོ་སྔོན་པོའི་གསེར་ཉ་གསོ་སྤེལ་བྱས་ནས་ཚེ་ཐར་དུ་བཏང་། གསེར་ཉས་རང་བྱུང་དུ་བཏང་བའི་སྒོ་ངའི་གསོན་ཚད་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་སུམ་ཅུ་མ་གཏོགས་མེད་རུང་། མིས་བཟོས་གསོ་སྤེལ་གྱི་གསོན་ཚད་བརྒྱ་ཆའི་བརྒྱད་ཅུ་ལ་སླེབས་པ་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། གསོ་སྤེལ་ཚེ་ཐར་ས་ཚིགས་ཀྱིས་མཚོ་སྔོན་པོའི་ནང་དུ་མཚོ་སྔོན་པོའི་གསེར་ཉ་བྱེ་བ་བརྒྱད་ས་ཡ་གསུམ་འབུམ་ལྔ་བཏང་བས། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བསགས་ཚད་སྤྱི་ལོ2002ལོའི་ཏུན་སྟོང་གཉིས་དྲུག་བརྒྱ་དང་། ཉ་བྱེ་བ་གཉིས་དང་ས་ཡ་གཅིག་ནས། སྤྱི་ལོ2014ལོའི་ཏུན་ཁྲི་ལྔ་དང་ལྔ་བརྒྱ་དང་ཉ་དུང་ཕྱུར་གཉིས་ལ་འཕར་ཡོད།

མཚོ་སྔོན་པོའི་མཚོ་ངོས་བསྟུད་མར་ཇེ་ཆེར་སོང་བ་དང་། གསེར་ཉའི་ཐོན་ཁུངས་ཀྱང་ལོ་རེ་བཞིན་འཕར་བས། འདབ་ཆགས་ཀྱི་གྲངས་ཀའང་ཇེ་མང་དུ་སོང་ཡོད། སྤྱི་ལོ1998ལོར་གསེར་ཉ་ཆུའི་མགོ་ཁུངས་སུ་རྐྱལ་ནས་སྒོ་ང་གཏོང་བའི་ཚུལ་ལ་ལྟ་སྐུལ་དོ་དམ་བྱས་པའི་ཚུན་དུ། ལོ་རེར་མཚོ་སྔོན་པོའི་གསེར་ཉ་ཁྲི་སྟོང་མང་པོ་ཇེ་མང་དུ་སོང་བ་དང་། གསེར་ཉ་ཇེ་མང་དུ་སོང་བ་ལས་འདབ་ཆགས་ཀྱི་རིགས་ཡང་བསྐྱར་མཚོ་སྔོན་པོར་འཕུར་ཡོང་ལ། ས་རྒོད་དུ་ལུས་པའི་རྩྭ་ཐང་ལ་ཡང་བསྐྱར་སྔོན་ཆད་ཀྱི་སྐྱེ་སྟོབས་རྒྱས་པར་མ་ཟད། མཚེའུ་ནང་གི་ཆུ་རྩྭ་སྣ་ཚོགས་ཀྱང་རྒྱུན་ལྡན་གྱི་སྣང་ཚུལ་བཞིན་སླར་གསོ་འབྱུང་མགོ་བརྩམས། དེའི་ཁར་མཚོ་རྒྱ་བསྡམས་ནས་ཉ་གསོས་པས། ཕལ་ཆེར་ལོ་རབས་བདུན་ཅུ་པའི་དུས་དཀྱིལ་གྱི་ཆུ་ཚད་ལ་སླེབས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཐེངས་ལྔ་ལ་མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ནས་ཉ་གསོས། གསེར་ཉའི་གྲངས་ཀ་ཇེ་མང་དུ་སོང་བ་ལས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི“ཆུ་ཉ་བྱ་གསུམ”གྱི་སྐྱེ་ཁམས་རྒྱུད་སྦྲེལ་བ་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་འབྲེལ་བ་གལ་ཆེན་ཡོད།

མཚོ་སྔོན་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་སྲིད་གཞུང་དང་ཉ་རིགས་དོ་དམ་སྡེ་ཁག་གིས་འབད་བརྩོན་འོག མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་མིག་སྔར་ཏུན་ཁྲི་དྲུག་ལ་སླར་གསོ་བྱས་པ་དང་། དེ་ན་ནིང་གི་ལོ་སྟོད་དང་བསྡུར་ན་ཏུན་སྟོང་དགུ་དང་ལྔ་བརྒྱས་ཇེ་མང་དུ་སོང་བ་དང་། འཕར་སྣོན་བྱེད་ཚུལ་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བརྒྱད་ལ་སླེབས། སྤྱི་ལོ2016ལོར་མཚོ་སྔོན་ཞིང་ཆེན་གྱིས་གསོ་སྤེལ་ཚོད་ལྟ་ས་ཚིགས་གསར་དུ་ལས་པ་དང་རྒྱ་བསྐྱེད་པ། གསེར་ཉ་ཕྱིར་རྐྱལ་བའི་ཆུ་རྐ་ཁ་སྣོན་བྱེད་པ། དྲིལ་སྒྲོག་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ་བརྒྱུད་དེ། ལྐོག་ནས་ཉ་འཛིན་པ་དང་། གསེར་ཉ་འཚོང་བ་སོགས་ཀྱི་བྱ་སྤྱོད་ཐད་ཀྱི་ཁྲིམས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གསེར་ཉར་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་རྒྱུ་རེད།
ན་ནིང་ཞིང་ཆེན་ཉ་རིགས་དོ་དམ་སྤྱིའི་ས་ཚིགས་ཀྱིས་བསྡོམས་པས་གསེར་ཉ་དང་འབྲེལ་བའི་གྱོད་གཞི་སོ་བདུན་ཐག་གཅོད་བྱས་པ་དང་། དེའི་ཁྲོད། ཉེས་དོན་གྱོད་གཞི་བཅུ་དང་སྲིད་འཛིན་གྱོད་གཞི་ཉི་ཤུ། བདེ་སྐྱོང་གྱོད་གཞི་བདུན་ཡོད། ཉ་རིགས་དོ་དམ་སྡེ་ཁག་གིས་མཚོ་ཁ་ནས་འཛིན་བཟུང་བྱེད་པ་དང་། ལམ་ནང་ནས་འགོག་པ། ཚོང་ར་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། མཚོ་སྔོན་པོ་ས་ཁུལ་གྱི་ཁུལ་ཁོངས་གཙོ་བོ་དང་སྡེ་བ་གཙོ་བོ། ཚོང་ར་གཙོ་བོ་བཅས་སུ་སོང་ནས་གནས་སྲུང་སྐོར་ཞིབ་བྱས་པ་དང་། ས་དེའི་མང་ཚོགས་ལ་འཚམས་འདྲི་བྱེད་པ་སོགས་བརྒྱུད་དེ་འབྲེལ་ཡོད་ཆ་འཕྲིན་དང་ཁུངས་སྣེ་འཚོལ་བ་མ་ཟད། ཞིང་ཆེན་དང་ཁུལ། རྫོང་ཉ་རིགས་དོ་དམ་གཞི་གཅིག་ཅན་གྱི་མཉམ་འབྲེལ་ཁྲིམས་སྐྱོང་རྐྱེན་སྲོལ་བཙུགས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་བའི་ལྟ་སྐུལ་དོ་དམ་དྲ་རྒྱ་བཙུགས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཁྲིམས་འགལ་ཉ་འཛིན་དང་གསེར་ཉ་སྐྱེལ་འདྲེན། ལས་སྣོན་དང་ཉོ་ཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱེད་ཀྱིན་ཡོད། ད་ལྟ་ནི་སྲིད་གཞུང་གིས་གསེར་ཉ་སྲུང་སྐྱོབ་ཀྱི་ཐད་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་བཞིན་ཡོད་པ་མ་ཟད་ས་གནས་ཡུལ་མི་ཚོས་ཀྱང་གསེར་ཉ་སྲུང་སྐྱོབ་ཐད་ལ་རང་ནུས་ཡོད་དགུ་བཏོན་ཏེ་སྲུང་སྐྱོབ་བྱེད་དང་བྱེད་བཞིན་ཡོད།

ལོ་རེའི་ཟླ་ལྔ་བ་ནས་ཟླ་བདུན་པ་ནི་མཚོ་སྔོན་པོའི་ལོ་གཅིག་ནང་གི་ཆེས་བཟང་བའི་དུས་ཚིགས་ཡིན། ཕྱེད་ཀ་ཆུ་དྭངས་མོ་དང་ཕྱེད་ཀ་ཉ་གསེར་མིག་ཡིན། མཚོ་སྔོན་པོའི་གསེར་ཉ་ཇེ་མང་དུ་སོང་བ་ལས་གནས་སྐོར་ཐོན་ཁུངས་ཡང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གྱུར། ཡུལ་འདི་ནི་གསེར་ཉའི་ཕ་ཡུལ་ཡིན་པར་མ་ཟད། འདབ་ཆགས་རིགས་ཀྱི་དག་ཞིང་ཡང་ཡིན། གསེར་ཉ་ནི་བོད་ཀྱི་རིག་གནས་ཁྲོད་ནས་འདི་ལྟ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གསེར་གྱི་ཉ་གཡུའི་འདབ་གཤོག་དང་ལྡན་པ། མིག་འབྲས་སྒོར་ཞིང་མཛེས་ལ་འོད་འཁྱུག་པ། མཉེན་ཞིང་ལྕུག་པའི་ཉམས་འགྱུར་ཅི་ཡང་ངོམ་ཞིང་སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་ཅེས་བརྗོད་པ་དང་། དེ་མིན་དུང་དཀར་ཚིག་མཛོད་ལས་བཀྲ་ཤིས་རྟགས་བརྒྱད་ཁྲོད་ཀྱི་གསེར་ཉ་ནི་འདི་ལྟ་བྲིས་ཡོད་དེ། བཀྲ་ཤིས་རྟགས་བརྒྱད་ནི་ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང་སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་ཡོད་པ་སོགས་བསོང་ནམས་དང་ཡེ་ཤེས་ཀྱི་རྩལ་ལས་སོ་སོ་མཚན་མ་ཡོད་པ་དེ་དང་དེ་ལ། རང་གཞན་གྱི་བསོད་ནམས་བསགས་པའི་སླད་དུ་ལྷག་པ་གཟུགས་བརྙན་གྱི་དམིགས་རྟེན་ཙམ་དུ་བྱས་ནས་འབུལ་ན། གསེར་ཉ་གཡུ་ཡི་གཤོག་པ་ཅན་མཉེན་ཞིང་ལྕུག་པ་སྤྱན་ལ་ཕུལ་བ་ཤེས་རབ་ཀྱི་མིག་ཐོབ་པ་ཞེས་བྲིས་ཡོད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།