མཚོ་སྔོན་པོའི་འགྲམ་གྱི་ཁོར་ཡུག་སྲུང་སྐྱོབ་མཁན་རྣམ་རྒྱལ།
2017.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

 ཞོགས་པའི་དུས་ཚོད་ལྔའི་སྟེང་དུ་མལ་ལས་ལངས་ཏེ། དུས་ཚོད་དྲུག་སྟེང་དགོ་དམར་ལ་ཞིབ་བཤེར་ཚད་ལེན་བྱེད་མགོ་བརྩམས་པ་དང་། དུས་ཚོད་བརྒྱད་ཀྱི་སྟེང་མཚོ་སྔོན་པོའི་འགྲམ་དུ་གད་སྙིགས་འཐུ་བ་དང་། དགོང་མོའི་དུས་ཚོད་བཅུའི་སྟེང་དུ་བྱེ་ཐང་བཅོས་སྐྱོང་ཁུལ་དུ་བསྐོར་ཞིབ་བྱེད་པའི་བྱ་བ་འདི་ལྟོས་ཚོད་ལ་ལས་སླ་མོ་ཞིག་ཏུ་སྣང་ཡང་། ཤེས་མེད་ཚོར་མེད་ངང་ཁོས་ལས་གནས་འདིའི་སྟེང་ནས་མི་ལོ་ཉི་ཤུའི་མི་ཚེ་རིམ་བཞིན་ཟད། ཁོས་ལོ་ངོ་ཉི་ཤུའི་རིང་གི་རང་ཉིད་ཀྱི་བྱ་བར་གདེང་འཇོག་བྱེད་སྐབས། ཁོས་མི་ཚེ་ཧྲིལ་བོར་བྱ་བ་དོན་སྙིང་ཅན་ཞིག་སྒྲུབ་ཐུབ་པ་བྱུང་ན། དེ་ནི་ཇི་འདྲིའི་དགའ་འོས་པ་ཞིག་རེད་ཨང་ཟེར། ཁོ་ནི་དུས་རྒྱུན་སྐད་ཆ་མང་པོ་མི་སྨྲ་ལ། བཤད་པ་ཐམས་ཅད་ནི་སེམས་གཏིང་གི་སྐད་ཆ་ཏག་ཏག་རེད། དེ་ནི་མཚོ་སྔོན་པོའི་འགྲམ་གྱི་རྣམ་རྒྱལ་ཟེར་བའི་འབྲོག་པ་དཀྱུས་མ་ཞིག་རེད། ཁོའི་ཁྱིམ་ནི་མཚོ་སྔོན་པོ་རིག་སྨོན་གྲོང་རྡལ་དམེ་ཡཱ་སྡེ་བར་ཡོད་པ་དང་། མཚོ་སྔོན་པོའི་ཤར་འགྲམ་བར་དུ་སྤྱི་ལེ་བཞི་ཡོད། ད་ལོ་ལོ་ལྔ་བཅུ་ལྷག་ལ་སླེབས་པའི་རྣམ་རྒྱལ་ནི་གཟུགས་རིང་ཞིང་། མཁུར་མཚོས་ཅུང་དམར་པོ་ཡིན་པས། མཐོ་སྒང་གི་སྟག་ཤར་ཞིག་གི་རྣམ་པ་ཁོའི་ལུས་སྟེང་དུ་ཡོངས་སུ་མངོན་འདུག

རྣམ་རྒྱལ་ནི་འདི་ལྟར་ཆེས་སྤྱིར་བཏང་གི་ཁོར་ཡུག་ཞིག་ནས་གོམ་པ་རེ་རེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་དུ་བགྲོད་པ་རེད། ཁོས་རང་གི་བཟའ་མི་གང་བོའི་སྣེ་ཁྲིད་དེ། སྔོན་ཆད་རང་ཉིད་ཀྱིས་ཚོང་ལས་བྱས་པ་དང་། རྩྭ་ས་གཉེར་བ། ནོར་ལུག་བཙོངས་ནས་བླངས་པའི་སྒོར་མོ་དེ་དག་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་དུས་སྐབས་ནས་མཚོ་སྔོན་པོའི་འགྲམ་གྱི་མཚེའུ་ཆུང་ཆུང་དང་། བརླན་ས་སླར་གསོ་བྱེད་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཐད་ལ་བཀོལ། རྣམ་རྒྱལ་གྱིས་མཚོ་སྔོན་པོའི་འགྲམ་དུ་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཚེ་སྲོག་སྣ་ཚོགས་ལ་སྲུང་སྐྱོབ་བྱས་མཐར། མཚེའུ་དང་བརླན་ས་སླར་གསོ་དང་། ཁྲུང་ཁྲུང་སྐེ་ནག་ཕྱིར་འཕུར་ཡོང་བ་དང་། རི་དྭགས་དགོ་དམར་གྱིས་རྒྱུད་སྤེལ་ཞིང་། བྱེ་ཐང་ཅན་དུ་གྱུར་བའི་ས་མུའུ་སྟོང་གཉིས་སླར་གསོ་བྱེད་ཐུབ་པ་བྱུང་ལ། ད་དུང་མི་སྔར་ལས་མང་པོ་ཞིག་ལས་གནས་འདིའི་སྟེང་དུ་ཡོང་ནས་བྱ་བ་སྒྲུབ་འདོད་ཀྱང་སྐྱེས།

ཚན་རིག་མཁས་པས་སྡོམ་རྩིས་བྱས་པ་ལྟར་ན། དགོ་དམར་ནི་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། གཙོ་བོ་མཚོ་སྔོན་པོའི་འགྲམ་དུ་ཆགས་ཡོད། གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོ་ནས་བཟུང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་རྗེས་ཀྱི་ལོ་འགའི་རིང་ལ། ད་དུང་རི་དྭགས་རྔོན་པའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། དེ་བས་དགོ་དམར་ནི་རང་རྒྱལ་གྱི་འོ་འཐུང་སྲོག་ཆགས་ཁྲོད་ཀྱི་གྲངས་ཀ་ཆེས་ཉུང་བའི་སྲོག་ཆགས་ཤིག་ཡིན་ལ། གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ལོར་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་རིགས་ཀྱི་རྒྱ་ཤ་དམར་པོའི་དཔེ་ཆའི་ཁྲོད་དགོ་དམར་ནི་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག་པ་དང་། མིག་སྔར། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་འཛམ་གླིང་རིམ་པའི་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག་ཏེ། འཛམ་གླིང་གི་གཙོད་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་འཆར་གཞིའི་ཁྲོད། ཆེས་ཐོག་མར་བཀོད་པའི་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག ཉེ་བའི་ལོ་འགའི་རིང་ལ། རྣམ་རྒྱལ་ལྟ་བུའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གཅེས་སེམས་མི་སྣའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། རི་དྭགས་དགོ་དམར་གྱི་གྲངས་ཀ་དེ་སྔོན་ཆད་ཀྱི་སུམ་བརྒྱ་ཙམ་ནས་ད་ལྟའི་སྟོང་གཅིག་ལྷག་ཏུ་བསླེབས། རྣམ་རྒྱལ་གྱིས་ལོ་ངོ་ཉི་ཤུའི་རིང་ལ། དགོ་དམར་བརྒྱད་དང་རི་དྭགས་གཙོད་གསུམ་གྱི་སྲོག་བསྐྱབས།

ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་བདུན་ལོ་ནས་བཟུང་། རྣམ་རྒྱལ་གྱིས་མཚོ་སྔོན་པོའི་འགྲམ་གྱི་བརླན་ས་སྲུང་སྐྱོབ་བྱེད་མགོ་བརྩམས་པ་དང་། སྐབས་དེར་ཁོས་རང་ཁྱིམ་གྱི་ཕྱུགས་ཟོག་མང་ཆེ་བ་བཙོངས་སྟེ། ར་བསྐོར་བ་དང་། ཆུ་བསྐྱིས་ནས་ཉ་གསོས། ནོར་ལུག་རའི་ནང་དུ་འགྲོ་བར་བཀག་འགོག་བྱེད་ཆེད། ཁོ་ཉིན་རྒྱུན་བརླན་སར་ལྟ་སྐོར་བྱེད་དུ་སོང་བར་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་འཛིན་མཁན་ལ་ཁ་ཏ་སློབ་གསོ་བྱས་ནས་བཀག་འགོག་བྱས། ཁོས་བརླན་ས་བཅོས་སྐྱོང་བྱེད་པའི་ཐད་ལ་སྒོར་མོ་ས་ཡ་གཅིག་ལྷག་བཏང་ཡང་། མུ་མཐུད་དུ་བརླན་ས་ལེགས་བཅོས་བྱེད་པའི་འཆར་གཞི་དེར་འགྱུར་ལྡོག་བྱུང་མ་མྱོང་། ད་ལྟ་མཚེའུ་ཆུང་ཆུང་མང་པོ་སླར་གསོ་བྱས་ནས་སྔོན་ཆད་ལྟར་སྔོ་ལྗང་ལྗང་དང་གསོན་ཤུགས་ཀྱིས་ཁེངས་བའི་ཡུལ་ལྗོངས་གསར་བ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོང་ལ། ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པ་ཡང་སྔར་ལས་སྟབས་བདེ་རུ་གྱུར། རྣམ་རྒྱལ་གྱིས་བཤད་པ་ལྟར་ན། རི་སྐྱེས་སྲོག་ཆགས་སྐྱོབ་པ་དང་སྲུང་སྐྱོབ་བྱེད་པ་དང་བསྡུར་ན། བརླན་ས་སྲུང་སྐྱོབ་དང་བྱེ་ཐང་ཅན་བཅོས་སྐྱོང་བྱེད་པ་དེ་ནི་དེ་ལས་ཀྱང་དཀའ་ངལ་ཆེ་བའི་བྱ་བ་ཞིག་རེད་ཟེར།

ད་ལྟ་བརླན་ས་སླར་གསོ་བྱེད་པའི་ཚད་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད་ཀྱང་། རྣམ་རྒྱལ་གྱིས་སེམས་ཤུགས་ཡོད་ཚད་ད་དུང་བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་བྱེད་པའི་སྟེང་དུ་བཀོལ་བཞིན་འདུག

རྣམ་རྒྱལ་གྱིས་དེང་ཐོག་བྱེ་ཐང་བཅོས་སྐྱོང་བྱེད་པའི་སྐབས་སུ་དཀའ་ངལ་གང་མང་ལ་འཕྲད་པ་དང་། མ་དངུལ་འབོར་ཆེན་བཏང་ཡང་སྤང་ཤུན་སླར་གསོ་འབྱུང་དུ་འཇུག་ཐུབ་ཀྱིན་མེད་ལ། དེ་ལས་གཞན་ཁྱིམ་མཚེས་ཀྱིས་ཀྱང་རྣམ་རྒྱལ་གྱི་བསམ་ཕྱོགས་མ་ཤེས་པས་དཀའ་ངལ་གང་མང་ལ་སྦྱར། འབྲོག་པ་ཁ་ཤས་ཀྱིས་ནོར་ལུག་རྩྭ་སྐྱེས་མ་ཐག་པའི་བྱེ་ཐང་དུ་དེད་དེ་རྡོག་བརྫིས་བྱེད་དུ་བཅུག་པས་རྩྭ་ལྗང་རྣམས་སྐམ་འགྲོ་བཞིན་ཡོད། རྣམ་རྒྱལ་གྱིས་བསམ་བློ་ཡང་ཡང་བཏང་མཐར། ས་གནས་རང་ག་ནས་སྐྱེས་པའི་རྩྭ་འབྲུ་བླངས་ཏེ་བྱེ་ཐང་དུ་སྟོར་བ་དང་། དེ་ནས་ནོར་ལུག་བྱེ་ཐང་དུ་སོང་ནས་རྐང་བརྫིས་བྱས་ཀྱང་རྩྭ་སྐྱེས་པར་གནོད་པ་མེད་པར་མ་ཟད། ད་དུང་རྩྭ་སྐྱེས་པ་སྔར་ལས་བཟང་ཞིང་། སྒོར་མོ་གྲོན་ཆུང་དང་མི་ཤུགས་ཡང་ཆེན་པོ་བཀོལ་མི་དགོས་པ་རེད།

རྣམ་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་བྱས་རྗེས་དྲིལ་བསྒྲགས་བྱས་པ་ནས་བཟུང་། མཚོ་སྔོན་པོར་ཡོང་ནས་རྣམ་རྒྱལ་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རོགས་བྱེད་པའི་དང་བླངས་པ་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་སོང་། ད་ལྟ་མི་མང་པོ་ཡོང་ནས་ང་ལ་རོགས་རམ་བྱེད་བཞིན་ཡོད་པས། ལམ་ཕྱོགས་འདི་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

ལོ་ཙཱ་བ།སྒྲོལ་མ་སྐྱིད།