མཚོ་སྔོན་པོའི་ཉེ་འགྲམ་ནི་རི་དྭགས་དགོ་ཡི་ཁྱིམ་གཞིས་ཡིན་ལ། རི་དྭགས་དགོ་ཡི་གྲངས་ཀ་ཧ་ཅང་ཉུང་བས། མི་རྣམས་ཀྱིས་རི་དྭགས་དགོ་ཡིས་གཞི་ཁྱོན་ཆེ་བའི་བྱ་འགུལ་སྤེལ་བའི་རྣམ་པ་མཐོང་དཀའ་བ་ཞིག་རེད། དགའ་འོས་པ་ཞིག་ནི་ཟླ་བཅུ་བའི་ཚེས་གཉིས་ཉིན། མཚོ་སྔོན་སྐྱེ་ཁམས་སྐར་ཁུང་རྐང་ཚ་རྫོང་ཧར་དགེ་ལྟ་ཞིབ་ཚད་ལེན་གནས་ནས་དགོ་ཉིས་བརྒྱ་དྲུག་ཅུ་ལྷག་གིས་ཟས་རིགས་འཚོལ་བ་དང་རྩེད་འཇོ་རོལ་བའི་རྣམ་པ་མཐོང་། དགོ་ཡི་སྲུང་སྐྱོབ་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་བསྟུན་ནས། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཐོབ་པ་དང་། དགོ་ཡི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད།
ཟླ་བཅུ་བའི་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྐབས་སུ། མཚོ་སྔོན་སྐྱེ་ཁམས་སྐར་ཁུང་གི་ལས་བཟོ་མི་སྣས་བརྙན་རིས་ལས་མཐོང་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧར་དགེ་ལྟ་ཞིབ་ཚད་ལེན་གནས་དང་བར་ཐག་སྤྱི་ལེ་གསུམ་གྱི་ཁྱབ་ཁོངས་སུ་དགོ་ཁྱུ་བྱས་ཏེ་ཟས་རིགས་འཚོལ་བ་དང་རྩེད་འཇོ་རོལ་བའི་མཛེས་ཉམས་དེ་མཐོང་། ལས་བཟོ་བས་བརྙན་རིས་རྒྱུ་ཆའི་བསྡོམས་རྩིས་ལས་རྙེད་པ་ལྟར་ན། དུས་ཚོད་གསུམ་གྱི་ནང་། དགོ་ཉིས་བརྒྱ་དྲུག་ཅུ་ལྷག་བརྙན་རིས་ཁྱབ་ཁོངས་ནང་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད།
དགོ་གཞི་ཁྱོན་ཆེན་པོའི་བྱ་འགུལ་སྤེལ་བཞིན་པའི་རྣམ་པ་དེ་པར་ཆས་ཀྱིས་པར་ལེན་རྒྱུ་ཧ་ཅང་དཀའ་བ་རེད། ལྕགས་སྡོང་སྟེང་བཀལ་ཡོད་པའི་མཚོ་སྔོན་སྐྱེ་ཁམས་སྐར་ཁུང་ལྟ་ཞིབ་མ་ལག་གིས་དགོ་ལ་བར་ཆད་མི་གཏོང་བའི་གནས་ཚུལ་འོག སྟབས་བདེའི་ངང་བརྙན་ཕབ་ལས་འགན་ཡོངས་འགྲུབ་བྱེད་ཐུབ། རྗེས་ཕྱོགས་བདེ་འཇགས་སྔོན་འགོག་གི་ལག་རྩལ་བཀོལ་ནས། འཕྲུལ་ཆས་ཀྱིས་དགོ་ཡི་གཞི་གྲངས་གསལ་བོ་ལྟ་ཞིབ་ཚད་ལེན་བྱེད་ཐུབ།
དགོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། ཀྲུང་གོ་རུ་ཧ་ཅང་རྩ་ཆེན་ཡིན་པའི་འཇིག་ཉེན་ཡོད་པའི་སྲོག་ཆགས་ཅིག་རེད། དེ་སྔོན་ནང་སོག་དང་ཉིན་ཞ། ཀན་སུའུ། མཚོ་སྔོན་སོགས་སུ་ཁེབས་ཡོད་ལ། མིའི་རིགས་ཀྱི་བྱ་འགུལ་དང་དེ་མིན་འཚོ་སྡོད་གནས་ཇེ་ཞན་དུ་གྱུར་བའི་ཤུགས་རྐྱེན་གྱིས་དགོ་ཡི་གྲངས་ཀ་མྱུར་དུ་མར་ཆགས་པ་རེད། ད་ལྟ་དགོ་ཡི་འཚོ་སྡོད་གནས་དེ་མཚོ་སྔོན་པོའི་ཉེ་འགྲམ་གྱི་མངའ་ཁོངས་སུ་ཡོད། ཉེ་བའི་ལོ་འགའི་རིང་ལ། སྲུང་སྐྱོབ་ནུས་ཤུགས་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་བྱས་པ་དང་བསྟུན་ནས། དགོ་ཡི་གྲངས་ཀ་དེ2003ལོའི་ཉིས་བརྒྱ་ལྷག་མེད་པ་ནས་མིག་སྔར་སྟོང་གཉིས་ལྷག་ལ་སླེབས་ཡོད། མཚོ་སྔོན་པོའི་ཉེ་འགྲམ་དུ་དགོ་ཡི་ཁྱུ་ཚོགས་དྲུག་ནས་བདུན་ཡོད་པ་དང་། རྒྱུ་ཆའི་ཐོ་འགོད་ལྟར་ན་སྐོར་ཁག་གཅིག་གི་གྲངས་ཀ་བརྒྱ་ཕྲག་ལས་བརྒལ་ཡོད།
མཚོ་སྔོན་སྐྱེ་ཁམས་སྐར་ཁུང2016ལོའི་ཟླ་དྲུག་པར་བཙུགས་པའི་ཚུན་ལ། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་མཚོ་སྔོན་སྐྱེ་ཁམས་སྐར་ཁུང་རྒྱང་བསྟེན་བརྙན་རིས་ལྟ་ཞིབ་མ་ལག་གི་གནས་ཉི་ཤུ་བཙུགས་པ་དང་། རང་ཤུགས་དང་མིས་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱས་ཏེ། བར་ཐག་ཉེ་བའི་སྒོ་ནས་གཙོད་དང་དགོ། རྐྱང་། ཁྲུང་ཁྲུང་སྐེ་ནག འབྲོང་། གསའ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཀྱི་བྱ་འགུལ་ལ་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་མ་ཟད། མཚོ་སྔོན་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་གྲངས་གསོག་འཇོག་མ་ལག་ལས་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་གྱི་རྒྱུ་ཆ་ཚད་འཇལ་བྱེད་ཐུབ།
ལོ་ཙཱ་བ། ཤ་བོ་རིན་མཚོ།