ཆུ་བྱ་འབུམ་ལྷག་མཚོ་སྔོན་པོར་བབས་པ།
2017.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

1.png


ཟླ་བཅུ་བའི་ཟླ་མཇུག་ལ། ལྷོ་ཕྱོགས་སུ་གནས་སྤོ་བའི་ཆུ་བྱ་མང་པོ་དང་། མཚོ་སྔོན་པོར་རྒྱུད་སྤེལ་བའི་ཆུ་བྱ། དགུན་གཡོལ་ཆུ་བྱ་སོགས་བྱ་མང་པོ་མཚོ་སྔོན་པོའི་ཁར་རུབ་ནས་ཡོད་ཅིང་། དེར་ལྟ་ཞིབ་ཚད་ལེན་པས་ཟིན་བཀོད་ལྟར་ན་ཆུ་བྱ་རིགས་སོ་གཉིས་ཡོད་པའི་གྲངས་ཀ་ཧ་ལམ་འབུམ་གཅིག་དང་ཁྲི་གཅིག་ཡོད་པས། ལོ་ཧྲིལ་བོའི་ནང་མཚོ་སྔོན་པོའི་ཆུ་བྱའི་རིགས་ཀྱི་གྲངས་ཀ་ཆེས་མང་པའི་རྣམ་པ་ཆགས།

གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ་བཅུ་བའི་ཟླ་མཇུག་ལ་སླེབས་རྗེས། མཚོ་སྔོན་པོས་སྟོན་དུས་ཀྱི་དུས་བྱ་གནས་སྤོ་བའི་དུས་བཟང་བསུས་ཏེ། དུས་བྱ་འབུམ་གཅིག་མཚོ་སྔོན་པོའི་པང་དུ་འདུས།

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུ། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་སྟོན་དུས་ཀྱི་ཆུ་བྱ་ལ་ཆེད་དོན་ལྟ་ཞིབ་དང་ཚད་ལེན། སྐོར་ཞིབ་སྐོར་སྲུང་བཅས་བྱས་ཏེ། ཆུ་བྱ་ཉེར་གཉིས་ཀྱི་མ་དཔེ་ཚད་ལེན་བྱེད་ས་ནས་ཆུ་བྱ་ཧ་ལམ་འབུམ་བཅུ་གཅིག་ཡོད་པ་རྩིས་ལེན་བྱུང་བ་རེད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། མཚོ་སྔོན་པོ་ནི་ཨེ་ཤ་ཡ་ལྷོ་མ་ནས་ཨོ་སི་ཁྲུ་ལི་ཡ་དང་། ཨེ་ཤ་ཡ་དབུས་མ་ནས་རྒྱ་གར་བར་གྱི་རྒྱལ་སྤྱིའི་དུས་བྱ་གནས་སྤོ་བའི་བསྣོལ་མཚམས་སུ་གནས་ཡོད་པས། རྒྱལ་སྤྱིའི་དུས་བྱ་གནས་སྤོའི་བརྒྱུད་ལམ་གལ་ཆེན་དང་ངལ་གསོ་བྱ་ཡུལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་ཚུན་ལ། རང་ཞིང་གིས་སྣོད་བཅུད་སྲུང་སྐྱོང་དང་། སྣོད་བཅུད་འཛུགས་སྐྲུན། ན་འདམ་གྱི་སྣོད་བཅུད་མ་ལག་ལ་བདག་སྐྱོང་ལེགས་པོ་བཅས་བྱས་པས། མཚོ་སྔོན་པོའི་སྣོད་བཅུད་བྱེད་ནུས་དང་སྣོད་བཅུད་ནུས་པ་མུ་མཐུད་ནས་ཇེ་ཆེར་ཕྱིན་ནས་མཚོ་སྔོན་པོ་དེ་ཆུ་བྱ་མང་པོ་སྐྱེ་འཕེལ་དང་གནས་སྤོ་ངལ་གསོ། དགུན་གཡོལ་བཅས་བྱེད་སར་འགྱུར་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།