བ་དམ་ཆུ་བོའི་མགོ་ཁུངས་སུ་བཟའ་ཟླ་གཉིས་ཀྱི་སྲུང་སྐྱོབ་དོ་དམ་ས་ཚིགས་ཤིག་ཡོད།
2019.01.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

ཆི་ལེན་རྫོང་མཁར་ནས་བར་ཐག་སྤྱི་ལེ127མཚམས་སུ་གནས་པའི་མདོ་ལ་རིང་མོའི་འདབས་རོལ་གྱི་བ་དམ་ཆུ་བོའི་མགོ་ཁུངས་སུ། ཡིད་བཞིན་ནོར་བུ་དང་དུང་མོ་མཚོ་བཟའ་ཟླ་གཉིས་ཀྱིས་ལོ་ངོ་བཅུ་གཉིས་རིང་ལ་ཉིན་མཚན་དབྱེར་མེད་དུ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ200ལྷག་ཡོད་པའི་བ་དམ་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བདེ་འཇགས་ཐད་ཀྱི་ལས་ཀ་གཉེར་བཞིན་ཡོད།

2006ལོར། འབྲོང་ལུང་ཞང་མགོ་མང་སྡེ་བའི་ཡིད་བཞིན་ནོར་བུ་དམག་ཁོངས་ནས་བུད་དེ་ཕྱིར་ཕ་ཡུལ་གྱི་རྩྭ་ཐང་དུ་ལོག་སྟེ་ཡང་བསྐྱར་ཕྱུགས་འཚོ་བའི་འཚོ་བ་རོལ་མགོ་བརྩམས། ཡིན་ཡང་ཁོ་ཚང་ལ་མཚོན་ན་ཕྱུགས་ཟོག་ཉུང་བའི་ཁར་རྩྭ་ས་མང་པོ་མེད་པ་དང་། ནོར་ལུག་ཉོ་སྤྱད་ཀྱི་སྒོར་མོའང་མེད་པས་ཡིད་བཞིན་ནོར་བུ་བཟའ་མི་གང་བོས་དཀའ་ཁག་ཆེ་བའི་འཚོ་བ་མི་རོལ་ཐབས་མེད་བྱུང་།

སྲིད་གཞུང་གིས་བ་དམ་ཆུ་བོའི་མགོ་ཁུངས་ཀྱི་འབབ་རྒྱུད་དུ་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་བཟོ་སྐྲུན་དོ་དམ་ས་ཚིགས་འཛུགས་རྒྱུ་ཡིན་པ་དང་། དོ་དམ་མི་སྣ་དེ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་དམིགས་བསལ་གྱི་སྲིད་ཇུས་ཡོད་པའི་གནས་ཚུལ་ཐོས་མ་ཐག ཡིད་བཞིན་ནོར་བུར་སྲུང་སྐྱོབ་དོ་དམ་མི་སྣ་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས།

འདེམས་སྒྲུག་བྱས་པ་བརྒྱུད། ཡིད་བཞིན་ནོར་བུ་བ་དམ་ཆུ་བོའི་མགོ་ཁུངས་ཀྱི་སྲུང་སྐྱོང་དོ་དམ་པར་གྱུར་པ་དང་། ཁོའི་འཚོ་བར་བདག་སྐྱོང་བྱ་ཆེད་ཆུང་མ་དུང་མོ་མཚོ་ཡང་བ་དམ་ཆུ་བོའི་མགོ་ཁུངས་སུ་ཡོང་ཞིང་། དེ་ནས་བཟུང་བ་དམ་ཆུ་བོའི་མགོ་ཁུངས་སུ་བཟའ་ཟླ་ཟུང་གི་དོ་དམ་ས་ཚིགས་ཤིག་ཇེ་མང་དུ་སོང་བ་རེད།

རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ200ལྷག་ཡོད་པའི་ས་ཁོངས་སུ།  བཟའ་ཟླ་གཉིས་གཟའ་འཁོར་གཅིག་གི་ནང་དུ་སྐོར་ཞིབ་ཐེངས་གཉིས་ལ་རྒྱག་གིན་ཡོད་པ་དང་། ཁོ་གཉིས་ཀྱི་འགྲིམ་འགྲུལ་ཡོ་བྱད་ནི་ལོ་མང་འགོར་བའི་འཕྲུལ་རྟ་རྙིང་པ་ཞིག་རེད། ཡིད་བཞིན་ནོར་བུ་སྐོར་ཞིབ་བྱེད་དུ་འགྲོ་དུས་ཁོའི་ཆུང་མ་དུང་མོ་མཚོ་ནམ་ཡང་ཁོ་དང་མཉམ་དུ་འགྲོགས་ནས་འགྲོ་བ་རེད།“མཚམས་ལན་རེར་སྐོར་ཞིབ་བྱེད་པའི་ལམ་ཐག་རིང་དྲགས་པ་དང་། དགོང་མོ་ཕྱིར་ཡོང་དཀའ་བས་ང་ལ་སེམས་ཁུར་ཧ་ཅང་ཆེ། དེའི་ཕྱིར་ང་རང་རྒྱུན་པར་ཁོ་དང་འགྲོགས་ནས་སོང་བ་ཡིན”ཞེས་དུང་མོ་མཚོའི་གདོང་ལ་འཛུམ་གྱིས་ཁེངས་ཞོར་དེ་ལྟར་བཤད། ལན་རེར་རི་ནང་དུ་འགྲོ་དུས། འཕྲུལ་རྟར་ཞོན་ནས་འགྲོ་དཀའ་བས་ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་རྐང་ཐང་དུ་ཆུ་ཚོད་བརྒྱད་ནས་དགུའི་རིང་སྐོར་ཞིབ་བྱེད་བཞིན་ཡོད།

ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་བསྡད་ཡོད་པའི་བ་དམ་ཆུ་བོའི་མགོ་ཁུངས་དོ་དམ་ས་ཚིགས་སུ་ད་རུང་གློག་འཐེན་མེད་པས། འོད་ཧྥུ་པང་ལེབ་ནི་བཟའ་ཟླ་དེ་གཉིས་ཀའི་གློག་འདོན་བྱེད་ཀྱི་སྒྲིག་ཆས་གཙོ་བོར་གྱུར་ཡོད།

དོ་དམ་སྲུང་སྐྱོབ་ས་ཚིགས་རྫོང་མཁར་དང་བར་ཐག་ཧ་ཅང་རིང་སྟབས། སྔོ་ཚོད་ཀྱི་རིགས་ཟ་མི་ཐུབ་པས། གསོག་འཇོག་བྱེད་སླ་བའི་ཞོག་ཁོག་ནི་ཁོ་བཟའ་ཟླ་གཉིས་ལ་མཚོན་ན་སྔོ་ཚོད་གཙོ་བོ་རེད། དགུན་ཟླ་རིང་མོ་དྲོད་ཀྱིས་བསྐྱལ་དགོས་ན་ཁང་པའི་ནང་གི་ལྕགས་ཐབ་ལ་བརྟེན་ནས་དྲོད་གསོ་དགོས།“དགུན་ཁར་ཆེས་འཁྱགས་པའི་དུས་སུ། དགོང་མོའི་ཆུ་ཚོད་གསུམ་བཞིའི་སྟེང་ཡར་ལངས་ནས་ཡང་བསྐྱར་མེ་ཁ་གསོ་དགོས། དེ་ལྟར་མ་བྱས་ཚེ་ཧ་ཅང་འཁྱགས་ནས་འཁྱོལ་ཐབས་བྱེད་དཀའ་བའི་ཚད་རེད”ཅེས་ཡིད་བཞིན་ནོར་བུས་དེ་ལྟར་བཤད་བྱུང་།

ཡིད་བཞིན་ནོར་བུས་བཤད་རྒྱུར། 2006ལོར་ཁོ་བཟའ་ཟླ་གཉིས་ཐོག་དང་པོར་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་ཡོང་སྐབས། དོ་དམ་ས་ཚིགས་སུ་སྦྲ་གུར་གཅིག་མ་གཏོགས་མེད་པས། སྦྲ་གུར་ནི་ཟ་མ་གཡོས་སྦྱོར་བྱེད་ས་ཡིན་ལ་ཉལ་ཁང་ཀྱང་ཡིན་ཟེར།

དགའ་འོས་པ་ཞིག་ལ་ལོ་གཅིག་གི་རྗེས་སུ། སྦྲ་གུར་དེ་སྟབས་བདེའི་ཁང་པར་བསྒྱུར། གཞན་གྱིས་བལྟས་ན་ཁོ་བཟའ་ཟླ་ཟུང་གི་འཚོ་བའི་ཆ་རྐྱེན་སྔར་བཞིན་སྡུག་མོད། འོན་ཀྱང་ཡིད་བཞིན་ནོར་བུ་ནི་ཧ་ཅང་ཡིད་ཚིམ་པར་བསྡད་ཡོད།

ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་ལ་ཟླ་རེར་བསྡོམས་པས་ཟླ་ཕོགས་སྒོར3000ལས་མེད། “ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པར་མ་ཟད། ད་དུང་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བ་མཐོང་ན་སེམས་པ་ཧ་ཅང་སྐྱིད”ཅེས་ཡིད་བཞིན་ནོར་བུས་དེ་ལྟར་བཤད།

ཡིད་བཞིན་ནོར་བུ་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣར་བདམས་པའི་ལོ་དེར། རྒྱུན་པར་མི་འགའ་རེས་ས་རྐོ་ཤིང་གཅོད་བྱེད་པའི་སྣང་ཚུལ་མཐོང་ན་ཡང་། ཉེ་བའི་ལོ་འགའི་རིང་ལ། མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་ཇེ་དྲག་ཏུ་སོང་ནས་རང་འགུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་བྱ་བའི་ནང་ཞུགས་ཡོད།

ད་ལྟ། མདོ་ལ་རིང་མོ་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་བྱ་བ་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་བ་དང་བསྟུན། སྐྱེ་ཁམས་བཅོས་སྐྱོང་བཟོ་འགོད་བསྟུད་མར་གཏིང་ཟབ་དུ་སྤེལ་ནས་བ་དམ་ཆུ་བོའི་མགོ་ཁུངས་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད། 2018ལོའི་ཟླ9པའི་ཚེས8ཉིན། ཡིད་བཞིན་ནོར་བུས་སྐོར་ཞིབ་བྱེད་པའི་སྐབས་སུ་རི་དྭགས་རྐྱང7ཡོད་པ་མཐོང་བྱུང་། བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་བསྟུན་ནས་ཁྲུང་ཁྲུང་སྐེ་ནག་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་གིས་བ་དམ་ཆུ་བོའི་མགོ་ཁུངས་སུ་བྱ་ཚང་ལས་ཀྱིན་ཡོད། ཁོས་མིག་སྔའི་བར་དུ་ཁྲུང་ཁྲུང་སྐེ་ནག22མཐོང་མྱོང་། མཇུག་མཐར་ཡིད་བཞིན་ནོར་བུས་བཤད་རྒྱུར། རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་བ་དམ་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པའི་རྟགས་རེད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།