རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱེད།(1)
2019.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལེགས་པོ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི། མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། དེ་ལ་སྣང་ཆུང་དང་ལྷོད་གཡེང་གཏན་ནས་བྱེད་མི་རུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ། རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་གཞིར་བཟུང་སྟེ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དེ་སྒྲིག་སྲོལ་ཚོད་ལྟའི་རྩ་བ་དང་བླ་སྲོག་ལྟ་བུར་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧུར་ཐག་གིས་འཚོལ་ཞིབ་དང་སྐུལ་སྤེལ་བཅོས་སྒྱུར་བྱས།

ཁྲིམས་བསྟར་དང་ལྗང་མདོག  དམངས་ཡོངས། བློ་གྲོས། འཆམ་མཐུན། ཚན་རིག  སྒོ་འབྱེད། རིག་གནས། སྤུས་ཚད་བཅས་ཀྱི་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་སྲིད་ཇུས། ལམ་ལུགས། ཚད་གཞི། སྐྱེ་ཁམས་སྲུང་སྐྱོབ། སྒྲིག་གཞི་འཁོར་སྐྱོད། མི་ཤུགས་ཐོན་ཁུངས། སྣ་མང་གཏོང་འཇོག ཚན་རྩལ་འདེགས་སྐྱོར། ལྟ་ཞིབ་ཚད་ལེན་དང་གདེང་འཇོག་དཔྱད་ཞིབ། ལས་གཞི། དྲིལ་སྒྲོག་སློབ་གསོ། སྤྱི་དམངས་ཟབ་ཞུགས། མཉམ་ལས་བརྗེ་རེས། སྡོད་ཁུལ་མཉམ་དུ་དོ་དམ་བཅས་ཀྱི་མ་ལག་བཅོ་ལྔ་ཆགས་ཤིང་། སྔོན་ཆད་ཀྱི་སྡེ་ཁག་མང་པོས་དོ་དམ་གྱི་གནས་བབ་བསྒྱུར་བཅོས་བྱས་ཏེ། ཁྲིམས་འཛིན་ལྟ་ཞིབ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་རྩ་བ་ནས་ཐག་བཅད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱས།

འཚོལ་ཞིབ་གསར་སྐྲུན་དང་བཅོས་སྒྱུར་ལག་ལེན་རབ་དང་རིམ་པའི་ཁྲོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་བ་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་གྱི་གནས་བབ་མངོན་གསལ་དུ་ལེགས་བཅོས་བྱུང་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།

2016ལོའི་ཟླ་གསུམ་པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་གཙང་གསུམ་འབྱུང་ཡུལ་དུ་ལག་བསྟར་བྱས། ས་གནས་སྲིད་གཞུང་འགན་འཁྲིའི་གྲུབ་ཆ་གཙོ་བོར་བརྩིས་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའི་མངའ་ཁོངས་བཅས་ཚོད་ལྟའི་ཁྱབ་ཁོངས་སུ་བཞག

ཇི་ལྟར་ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས། ཆུ་བོའི་མགོ་ཁུངས་ལ་འཛད་མཐའ་མེད་པ་དང་ཚེ་སྲོག་གི་བཞུར་རྒྱུན་ལ་ཉམས་པ་མེད་པར་བུ་རབས་ཚ་རྒྱུད་ལ་དག་གཙང་གི་ཞིང་ཁམས་ཞིག་བསྐྲུན་དགོས།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་མགོར། རྩེ་གྲས་ཀྱི་ཇུས་འགོད་ལ་ཤུགས་སྣོན་དང་། འཚོལ་ཞིབ་གསར་སྐྲུན་བྱེད་ཕོད་པར་བྱས་ཏེ། སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་བྱ་སྤྱོད་ཇུས་གཞི》དང་《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》།《མཚོ་སྔོན་ཞིང་ཆེན་གྱི་བྱེད་ནུས་ཁུལ་གཙོ་བོའི་འཆར་འགོད》སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཇུས་གཞི་དང་འཆར་འགོད་རབ་དང་རིམ་པ་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྲིད་ཇུས་དང་ལམ་ལུགས་ཀྱི་ཇུས་འགོད་མང་པོ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བར་ནུས་ཡོད་སྒོས་འགན་སྲུང་བྱས།

སྡེ་ཁག་ཆེན་པོ་དང་འགན་ནུས་ཡངས་པ་ཅན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ཐོན་ཁུངས་ཧྲིལ་བསྡུས་དང་དོ་དམ་རིམ་གྲས་ཉུང་འཕྲི།  སྒྲིག་གཞི་ཁུ་བསྡུ། ནུས་མཐོ་དང་གཅིག་གྱུར་བཅས་ཀྱི་སྲིད་འཛིན་དོ་དམ་སྒྲིག་གཞི་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་བ་དང་རྐྱེན་སྲོལ་གསར་བ་ཐོག་མར་འཚོལ་ཞིབ་བྱུང་།

2016ལོའི་ཟླ་དྲུག་པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དུས་གཅིག་ཏུ་བཙུགས། གླིང་ཁུལ་སོ་སོ་ཡོད་སའི་རྫོང་གི་ཏང་ཨུའི་ཧྲུའུ་ཅིས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བ་དང་། རྫོང་དཔོན་གྱིས་ཀྲུའུ་རིན་གྱི་འགན་འཁུར་བ། ཆུ་བེད་དང་ཁོར་སྲུང་། རྒྱལ་ཁོངས། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་མཉམ་གཅིག་ཏུ་དོ་དམ་ཨུ་ཡོན་ལྷན་ཁང་ཁྲོད་བཅུག་སྟེ། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུར་སྡེབ་སྒྲིག་བྱས།  སྡེ་ཁག་ཆེན་པོའི་དོ་དམ་སྒྲིག་སྲོལ་བཙུགས་པ་ནས་སྲུང་སྐྱོབ་ཁུལ་སྣ་ཚོགས་ལེགས་བཅོས་བསྐྱར་སྒྲིག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆ། རང་བྱུང་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། སྲིད་གཞུང་སྡེ་ཁག་མི་འདྲ་བའི་བར་དང་དོ་དམ་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་མི་འདྲ་བའི་བར་ལ་གཅིག་གྱུར་གྱི་ཚད་གཞི་གཏན་འཁེལ་བྱས་པ་བརྒྱུད། རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་མ་དཔེ་རང་བཞིན། སྣ་མང་རང་བཞིན། དཔེ་སྟོན་རང་བཞིན་བཅས་ལ་སྲུང་སྐྱོབ་ཐོབ་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱེད་པར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་མཉམ་སྤྱོད་ཐབས་ལམ་ཞིག་བཏོད་པ་རེད།

དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག་གསར་སྐྲུན་བྱས་པའི་བཅོས་སྒྱུར་གྱི་ཐབས་ལམ་འདི་རྒྱལ་ཡོངས་ཀྱི་མདུན་གྲས་སུ་ཐོན་ཡོད། སྔོན་ཆད་ཀྱི་སྡེ་ཁག་མང་པོས་དོ་དམ་དང་ཁོངས་ཁུལ་ལོགས་བཅད། སྲིད་ཇུས་སྣ་མང་ཐོན་པ། འགན་ནུས་སྣོལ་སྡེབ། འགན་འཁྲི་ཁག་བགོས་སོགས་ཀྱི་ཞན་ཆ་དེ་བྱེད་ནུས་བསྐྱར་སྒྲིག་དང་གཅིག་གྱུར་དོ་དམ་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་དབྱིབས་གསར་བ་ཞིག་ཏུ་གསར་སྐྲུན་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། སྒྲིག་སྲོལ་ཐད་ཀྱི་ཐར་ཐོར་ཅན་ཐག་གཅོད་བྱས་ཚེ། ད་གཟོད་སྲུང་སྐྱོབ་ཐད་ཀྱི་ཐར་ཐོར་ཅན་ཐག་གཅོད་བྱེད་ཐུབ། གླིང་ཁུལ་སོ་སོ་ཡོད་སའི་རྫོང་སྲིད་གཞུང་གི་བཙུགས་གྲུབ་སྡེ་ཁག་དེ་སྔར་ཡོད་ཀྱི་ཉི་ཤུ་ཡས་མས་ནས་བཅོ་ལྔ་རུ་གཅིག་གྱུར་ཁུ་བསྡུ་བྱས་ཤིང་། སྐྱེ་ཁམས་དོ་དམ་དེ་དོ་དམ་ཨུ་ཡོན་ལྷན་ཁང་ལ་སྤྲད་པ་དང་། གཞན་པའི་སྤྱི་ཚོགས་དོ་དམ་དེ་ས་གནས་སྲིད་གཞུང་ལ་སྤྲད་དེ། རང་འགན་རང་འཁུར་དང་ཕན་ཚུན་གཞོགས་འདེགས་བྱས་ནས། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་དོ་དམ་ལམ་ལུགས་ཀྱི་གཅིག་གྱུར་ལག་ལེན་གཉིས་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་རྒྱུ་ནོར་གལ་ཆེན་དག་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་སྒྲིག་སྲོལ་གྱི་རྨང་གཞི་བཏིང་།

སྲུང་སྐྱོབ་སྔོན་མ་བྱེད་པ་དང་རང་བྱུང་སླར་གསོ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ལ་གཞི་གཅིག་ཅན་དུ་དོ་དམ་དང་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་བརླན་ས་གཙོ་བོ། འཐུང་ཆུའི་འབྱུང་ཁུངས་ཀྱི་སྲུང་སྐྱོབ་ཁུལ་གལ་ཆེན། ལྗོངས་ཁུལ་གྲགས་ཅན། རང་བྱུང་ཤུལ་བཞག་ཁུལ་སོགས་ལེགས་བཅོས་བསྐྱར་སྒྲིག་བྱས། གཅིག་སྡུད་གཅིག་གྱུར་གྱི་དོ་དམ་འོག གླིང་ཁུལ་སོ་སོ་དང་བྱེད་ནུས་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་མཉམ་འབྲེལ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཤུགས་སྣོན་ཐོབ་པ་དང་། སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་ལྡན་པའི་སླར་གསོ། གཞི་གཅིག་ཅན་གྱི་དོ་དམ་དམིགས་འབེན་མངོན་འགྱུར་བྱས།

ང་ཚོ་སྡེ་བས་པེ་ཅིན་སློབ་ཆེན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་དང་མཉམ་ལས་བྱས་ཏེ། མིག་སྔར་དམར་ཕྱིའི་པར་ལེན་འཕྲུལ་ཆས་གྱ་གཉིས་སྒྲིག་འཛུགས་བྱས་ཡོད། པར་ལེན་འཕྲུལ་ཆས་རེ་ལ་སྐྱེ་ཁམས་ལྟ་སྲུང་པ་གཅིག་རེས་ཆེད་དུ་དོ་དམ་བྱས་ནས་ཟླ་གསུམ་རེའི་ནང་གནས་ཚུལ་འཚོལ་སྡུད་ཐེངས་རེ་བྱེད་ཀྱིན་ཡོད། མིག་སྔར་རི་དྭགས་གསའ་བཞི་བཅུ་ལྷག་དང་གཟིག་བདུན་ལྟ་ཞིབ་ཚད་ལེན་བྱུང་ཡོད་ཅེས་རྫ་སྟོད་རྫོང་འོད་ཟེར་ཞང་གནས་མདོ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་ཚེ་བརྟན་གྱིས་དེ་ལྟར་བཤད་བྱུང་། ཚེ་བརྟན་ནི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པའི་གྲས་ཀྱི་གཅིག་ཡིན་ལ། ཁོས་དམར་ཕྱིའི་པར་ལེན་འཕྲུལ་ཆས་གཅིག་ལ་དོ་དམ་བྱེད་ཀྱིན་ཡོད། ནམ་རྒྱུན་ཁོས་དམར་ཕྱིའི་པར་ཆས་དེ་རི་སྐྱེས་སྲོག་ཆགས་ལ་པར་ལེན་ཐུབ་སར་བཞག་རྗེས། དུས་བཅད་ལྟར་ལྟ་སྲུང་དང་གཞི་གྲངས་འཚོལ་སྡུད་བྱས་པ་རེད། དམར་ཕྱིའི་པར་ལེན་འཕྲུལ་ཆས་ལས་པར་སྐྲུན་བྱས་པའི་རི་སྐྱེས་སྲོག་ཆགས་དག་ནི་ཁོ་རང་ཆེས་དགའ་ཞིང་རང་རློམ་གྱི་བྱ་བ་ཞིག་ཏུ་བརྩིས་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་ཡུང་ཧོང་གིས་མཚམས་སྦྱོར་བྱས་དོན། ཉེ་བའི་ལོ་འགར་རྫ་སྟོད་རྫོང་སྲིད་གཞུང་གིས་ཚན་རྩལ་ཞིབ་འཇུག་གླིང་དང་མཉམ་དུ་རྫ་ཆུའི་མགོ་ཁུངས་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་ཞིབ་བྱ་འགུལ་སྤེལ་བ་དང་། བསྡོམས་པས་གསོ་སྦྱོང་བྱས་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པ་བརྒྱད་ཅུ་ལྷག་རི་སྐྱེས་སྲོག་ཆགས་ཀྱི་ལྟ་ཞིབ་ཚད་ལེན་ཁྲོད་ཞུགས་ཡོད། མིག་སྔར། གནས་མདོ་སྡེ་བའི་ཆུ་འོག་གི་དམར་ཕྱིའི་པར་ལེན་འཕྲུལ་ཆས་སྒྲིག་འཛུགས་བྱས་ཚར་ལ། སྐམ་སའི་དམར་ཕྱིའི་པར་ལེན་འཕྲུལ་ཆས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པར་མ་ཟད། ལྟ་ཞིབ་ཚད་ལེན་གྱི་ནང་དོན་ས་དེ་གའི་ཆུ་ཁོངས་ཡོངས་ལ་རྒྱ་བསྐྱེད་རྒྱུ་རེད།

ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། གཙང་གསུམ་འབྱུང་ཡུལ་གྱིས་སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་གཉིས་དང་བྱེ་བ་ལྔ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་སྒྲིག་ཆས། ཚན་རྩལ་ཁྱབ་སྤེལ་དང་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་དང་། དེ་མིན་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་། བརླན་ས་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ལས་གཞི་གནད་སར་བཟུང་ནས་ལག་བསྟར་བྱས།

སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་རྨང་གཞིའི་ས་ཁམས་ཆ་འཕྲིན་མ་ལག་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་དང་། སྔོན་ཐོན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་ཧྲིལ་བསྡུས། འཕྲིན་གཏོང་བརྒྱུད་འདྲེན་དང་ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱས་པ་བརྒྱུད་ནས། རྒྱལ་ཁབ་སྤྱི་གླིང་གིས་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་དང་སྐྱེ་ཁམས། ཐོན་ཁུངས་སོགས་ཀྱི་གཞི་གྲངས་སྣ་ཚོགས་འཚོལ་སྡུད་བྱེད་པ་མངོན་འགྱུར་བྱུང་བ་དང་། རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་ངོས་ལྟ་ཞིབ་ཚད་ལེན་ཕན་ཚུན་ཟུང་འབྲེལ་བྱེད་པའི་གཙང་གསུམ་འབྱུང་ཡུལ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་དང་ལྟ་ཞིབ་ཚད་ལེན་ལག་རྩལ་འགན་སྲུང་མ་ལག་གྲུབ་པ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་མ་ལག་དང་གཞི་གྲངས་འདུས་གྲུབ་མཉམ་སྤྱོད་ཀྱི་རྐྱེན་སྲོལ་རིམ་བཞིན་བཙུགས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སོང་ཚེ། རྨ་ཆུ་དང་རྫ་ཆུ། འབྲི་ཆུ་བཅས་ཀྱི་མགོ་ཁུངས་གླིང་ཁུལ་ནས་སྐྱེ་ཁམས་ལྟ་སྲུང་པས་རི་སྐྱེས་སྲོག་ཆགས་དང་འདབ་ཆགས། ཉ་རིགས་བཅས་ལ་སྲུང་སྐྱོབ་བྱེད་ཀྱིན་པའི་རྣམ་པ་གང་སར་མཐོང་ཐུབ།

མིག་སྔར། ཕྱུགས་བསྐྱུར་རྩྭ་འདེབས་དང་ཕྱུགས་བཀག་རྩྭ་གསོ། རྩྭ་ཕྱུགས་དོ་མཉམ། ས་ནག་ཐང་བཅོས་སྐྱོང་། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་གྲངས་ཐིག་གཉིས་ཙམ་ཇེ་མཐོར་སོང་བ་དང་། ཕྱུགས་ཀྱི་ཤོང་ཚད་ལུག་གི་རྩིས་གཞི་བྱེ་བ་གཅིག་ས་ཡ་ལྔ་འབུམ་དགུ་ཁྲི་དགུ་ཇེ་ཉུང་དུ་བཏང་ཞིང་། ཉམས་ཞན་དུ་གྱུར་བའི་རྩྭ་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་སུམ་བརྒྱ་ཙམ་ཇེ་ཉུང་དུ་བཏང་བས། རྩྭའི་སྐྱེ་ཚད་དང་ཁེབས་ཚད། ཐོན་ཚད་བཅས་འཕར་སྣོན་བྱུང་བ་དང་། སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བ་རིམ་བཞིན་བཀག་འགོག་བྱུང་བ། སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་གྱུར།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་ནི། སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་ཀྱི་གཞི་རྩའི་ཁྱད་ཆོས་ཅིག་ཡིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱས་ཚེ། ད་གཟོད་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ། ཉེ་བའི་ལོ་གསུམ་གྱི་རིང་ལ་ཚོད་ལྟ་བྱས་པ་བརྒྱུད་དེ། གནས་དྲུག་གཞི་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་མང་པོ་སོགས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས་པ་དང་། སྐྱེ་ཁམས་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱས་པ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་ལེགས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།