མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སྐྱེ་ཁམས་ལྟ་སྲུང་དྲ་བས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བ།
2019.05.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གནས་པའི་མཚོ་སྔོ་རེངས་ཀྱི་ཡུལ་ལྗོངས་མཛེས་ཀྱང་ཁོར་ཡུག་གི་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྨ་སྟོད་རྫོང་དུ་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་རྩྭ་ས་ལེགས་པོ་ཡོད་ལ་ཆུ་བོ་དང་མཚོ་མང་བས“མཚེའུ་སྟོང་གི་རྫོང”གི་མཚན་སྙན་ཡང་ཡོད། ལོ་རབས་གོང་མའི་དུས་རབས་80པར། རྨ་སྟོད་རྫོང་གི་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་ཕྱུགས་འཚོས་དྲགས་པའི་རྐྱེན་གྱིས་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། རྩྭ་ས་བྱེ་འགྱུར་དང་མཚོ་དང་མཚེའུ་སྐམ་པ་སོགས་རྨ་སྟོད་ཀྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་སྡུག་ཏུ་སོང་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་མ་ཀུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྨ་སྟོད་རྫོང་དུ་རིགས་ཁག་གི་སྐྱེ་ཁམས་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་བཀོད་སྒྲིག་བྱས་པ་དང་ཞང་རིམ་པའི་སྐྱེ་ཁམས་ལྟ་སྲུང་ས་ཚིགས་4དང་། སྡེ་བ་རིམ་པའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་27  སྐྱེ་ཁམས་ལྟ་སྲུང་ཡན་ལག་རུ་ཁག་190བཅས་བཙུགས་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་དྲ་མིག་ཅན་གྱི་དོ་དམ་སྐོར་ཞིབ་བྱས་པས། དྲ་མིག་ཅན་ཡོངས་ལ་ཁེབས་པའི་དོ་དམ་སྲུང་སྐྱོབ་ཀྱི་མ་ལག་ཆགས་ཡོད། རྫོང་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་ཚོད་རྩིས་བྱས་ན་མི་རེས་ཆ་སྙོམས་དོ་དམ་སྲུང་སྐྱོབ་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཟིན་གྱི་ཡོད།

ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་གཙང་གསུམ་འབྱུང་ཡུལ་དུ་དྲ་མིག་ཅན་ཡོངས་ལ་ཁེབས་པའི་སྐྱེ་ཁམས་ལྟ་སྲུང་མ་ལག་གིས་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད། “སྐྱེ་ཁམས་ལྟ་སྲུང་པས་རི་དང་། ཆུ། ནགས། རྩྭ། མཚོ་མཚེའུ་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་བྱེད་དགོས་པ་རེད། གཞི་རིམ་གྱི་སྐྱེ་ཁམས་ལྟ་སྲུང་པས་ཧུར་ཐག་གིས་བྱ་བ་སྒྲུབ་པ་བརྒྱུད།  རང་བྱུང་ཁམས་ལ་གཏོར་སྐྱོན་ཤོར་བའི་སྣང་ཚུལ་མངོན་གསལ་དོད་པོས་ཇེ་ཉུང་དུ་སོང་ཡོད་ལ་ཁྲིམས་འགལ་གྱི་ཉ་འཛིན་དང་རྔོན་རྒྱག་ལ་ཡང་བཀག་འགོག་བྱུང་ཡོད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་དེ་མིན་ཝ་གཞོང་མཚོ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ནས་སྔོ་ཁེབས་ཀྱི་ཚད་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད་ལ། ཆུའི་སྤུས་ཚད་ཇེ་བཟང་དང་རི་དྭགས་ཀྱང་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཡོད”ཅེས་མ་ཀུའེ་ཡིས་དེ་ལྟར་བཤད་བྱུང་།

བསྡོམས་རྩིས་བྱས་པར་གཞིགས་ན། ལོ་བཅུའི་རིང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་80ལྷག་ཇེ་ཆེར་སོང་ཡོད། བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་སོགས་ཆུ་བྱ་འཚོ་སྡོད་བྱེད་སའི་འདམ་རའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཆུ་བྱའི་གྲངས་འབོར་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་ཆེས་ཆེར་མང་དུ་སོང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།