ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚོགས་པས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་ཆིག་སྟོང་སོ་ལྔར་འགན་འཁྲི་བདའ་འདེད་བྱས་པ།
2019.05.24 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

 ཟླ4ཚེས22ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་བཞི་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་ཡོངས་བསྒྲགས་རྩིས་སྤྲོད་གྱོད་གཞི་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་ཆིག་སྟོང་སོ་ལྔ་ཡི་འགན་འཁྲི་བདའ་འདེད་བཏང་བའི་ཁྲོད་ཐིན་ རིམ་པའི་ལས་བྱེད་པ218དང་ཁྲུའུ་རིམ་པའི་ལས་བྱེད་པ571ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས་ཁག་བཞི་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་པ་བརྒྱད་ཀྱིས2017ལོའི་ཟླ8པ་ནས་ཟླ9བའི་བར་ཅི་ལིན་དང་། ཀྲེ་ཅང་། ཧྲན་ཏུང་། ཧའེ་ནན། སི་ཁྲོན། བོད་ལྗོངས། མཚོ་སྔོན། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་སྤེལ་བ་དང་ཆབས་ཅིག2017ལོའི་ཟླ12ནས2018ལོའི་ཟླ་དང་པོའི་བར་ལྟ་ཞིབ་ཚུར་ལན་གྱི་ལས་འགན་ལེགས་འགྲུབ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བའི་འགན་འཁྲི་བདའ་འདེད་ཀྱི་གནད་དོན89རྩིས་སྤྲད་དེ། ས་གནས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་འགན་འཁྲི་བདའ་འདེད་ཀྱི་གནས་ཚུལ་ལ་བལྟས་ན། ཅི་ལིན་ཞིང་ཆེན་ལ་འགན་འཁྲི་བདའ་འདེད་བཏང་བའི་མི་གྲངས་མང་ཤོས་ཡིན་པ་དང་མི177ཟིན་ཡོད།   ཧྲན་ཏུང་ལ་མི163དང་། སི་ཁྲོན་ལ་མི་160 ཞིན་ཅང་ལ་མི146།  ཧའེ་ནན་ལ་མི135།  ཀྲེ་ཅང་ལ་མི109། བོད་ལྗོངས་ལ་མི83། མཚོ་སྔོན་ལ་མི62བཅས་ཡོད་པ་རེད།

འགན་འཁྲི་བདའ་འདེད་བཏང་བའི་གནས་ཚུལ་ལ་བལྟས་ན། འགན་འཁྲི་བདའ་འདེད་བཏང་བའི་མི་སྣའི་ཁྲོད་ཀྱི་མི296ལ་བསླབ་འདོམས་སྐུལ་ལྕག་བྱས་པ་དང་། མི(ཐེངས)773ལ་ཏང་ཁྲིམས་སྲིད་དོན་གྱི་ཆད་པ་བཅད་པ། མི2ཁྲིམས་འཛིན་ལ་རྩིས་སྤྲོད་བྱས་པ། དེ་མིན་མི10ལ་ཐག་གཅོད་བཅས་བྱས་ཡོད།

འགན་འཁུར་བ་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱིས་འགན་འཁྲི་བདའ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་མགོ་ཁྲིད་ཀྱི་འགན་འཁྲི་དང་། དོ་དམ་གྱི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་བཅས་ལ་བདའ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་མགོ་ཁྲིད་གཙོ་བོའི་འགན་འཁྲི་མངོན་པར་བྱས་པ་དང་ཆབས་ཅིག འགན་འཁྲི་བདའ་འདེད་ཀྱི་ལས་དོན་ནང་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་དང་། འགན་དབང་གཅིག་གྱུར། ཚེ་གང་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ནན་ལ་ཞིབ་ཚགས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་དུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། གཞན་ཡང་། འགན་འཁྲི་བདའ་འདེད་གཏོང་བའི་མི་སྣའི་ཁྱབ་ཚུལ་ནས་བལྟས་ན། ས་གནས་ཏང་ཨུ་དང་། ས་གནས་སྲིད་གཞུང་། ས་གནས་ཏང་ཨུ་དང་སྲིད་གཞུང་ཁོངས་གཏོགས་སྡེ་ཁག  གཞུང་གཉེར་ཁེ་ལས་སོགས་ལ་ཁྱབ་ཡོད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་ལ་ཁྱབ་སྟེ་སྐྱེ་ཁམས་ཁོར་ཡུག་གི“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་མངོན་ཡོད་བཅས་བཤད། །

གཞན་ཡང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ནགས་ཚལ་དང་རྩྭ་ཐང་དུ་མཉམ་འབྲེལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་ཐོག་མར་སྤེལ་བ་རེད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཟླ8ཀྱི་དུས་ཡུན་སྤྱད་ནས་རྒྱལ་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་དུ“ལྗང་མདོག་སྲུང་སྐྱོབ2019”ཞེས་པའི་མཉམ་འབྲེལ་ཁྲིམས་འཛིན་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་ཞིང་། ཆེད་དོན་བྱ་སྤྱོད་ཀྱིས2013ལོའི་ཚུན་གྱི་ཁྲིམས་འགལ་ངང་ནགས་ས་དང་རྩྭ་ཐང་གསར་སྦོལ་བྱས་པ་དང་། ཁྲིམས་འགལ་ངང་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་བྱས་པ། ཁྲིམས་འགལ་ངང་རྩྭ་ཐང་གི་རི་སྐྱེས་རྩི་ཤིང་སྔོག་འཐུ་དང་ཤིང་ནགས་གང་བྱུང་དུ་བཅད་པ་སོགས་ཁྲིམས་འགལ་ངང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་ཞིང་། ལྷག་པར་དུ་ཁྲིམས་འགལ་ངང་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་བྱས་ནས་སྤྲོ་ཁང་དང་། ཀོར་ཧྥུ་སྤོ་ལོའི་ཐང་། རྒྱས་སྤྲོས་ཆེ་བའི་དུར་ས་བཅས་བསྐྲུན་པ། གཏེར་ཁ་གསར་སྤེལ་བྱེད་པ་སོགས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་ཚབས་ཆེན་བཟོས་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས2018ལོའི་བར་རྒྱལ་ཡོངས་སུ་ནགས་ལས་ཀྱི་སྲིད་འཛིན་གྱོད་གཞི་བསྡོམས་པས་ས་ཡ་གཅིག་འབུམ་གཉིས་ཁྲི་ལྔ་ལྷག་ཙམ་ཤེས་རྟོགས་བྱུང་ནས་གྱོད་གཞི་ས་ཡ་གཅིག་འབུམ་གཉིས་ཁྲི་གསུམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྩྭ་ཐང་ལ་གཏོར་བཤིག་བཏང་བའི་གྱོད་གཞི་ཁྲི་དགུ་ལྷག་ཙམ་ཞིབ་བཤེར་རྩད་གཅོད་བྱས་པ་བརྒྱུད་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་གཏོར་བཤིག་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ནུས་ལྡན་ངང་བཀག་འགོག་བྱས་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་ནགས་ཚལ་ལ་ལྟ་སྐུལ་ཞིབ་བཤེར་དང་རྩྭ་ཐང་ལ་ཁྲིམས་འཛིན་ལག་བསྟར་ལྟ་སྐུལ་བྱས་པ་བརྒྱུད་ས་ཁུལ་ཁག་གཅིག་ཏུ་ལས་གཞི་འཛུགས་སྐྲུན་བྱེད་སྐབས་ཁྲིམས་འགལ་ངང་ནགས་ས་དང་རྩྭ་ཐང་བཟུང་སྤྱོད་དང་། ནགས་ཚལ་དང་རྩྭ་ཐང་ལ་གཏོར་བཤིག་བཏང་ནས་གསར་སྤེལ་བྱེད་པ། ཁྲིམས་འགལ་ངང་རྩྭ་ཐང་གི་རི་སྐྱེས་རྩི་ཤིང་སྔོག་འཐུ་དང་ཤིང་ནགས་གང་བྱུང་དུ་གཅོད་པ་སོགས་ཁྲིམས་འགལ་ངང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་གནད་དོན་སྔར་བཞིན་ཧ་ཅང་ཚབས་ཆེ།  2018ལོར་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལག་རྩལ་གསར་པ་བེད་སྤྱོད་དང་རྒྱལ་ཡོངས་སུ་ཁྱབ་པའི་ཞིབ་བཤེར་བྱས་པ་བརྒྱུད་ལས་གཞི་འཛུགས་སྐྲུན་དང་། བྱེ་རྡོ་དང་གཏེར་ཁ་སྔོག་འདོན། སྒྲིག་འགལ་ངང་ས་ཞིང་བཅོས་སྒྲིག་རྣམ་གྲངས་སོགས་ཁྲིམས་འགལ་གྱི་ཁོངས་སྣེ་འབུམ་གཅིག་ཁྲི་དྲུག་ ལྷག་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།