རང་རྒྱལ་གྱིས་ལོ14རིང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་།
2019.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོ་ནས་ད་བར་རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་བ་རེད།

གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་ཞིང་། དུས་རབས་སྔོན་མའི་ལོ་རབས70པ་ནས་བཟུང་གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་མིའི་གཏོར་བཤིག་གི་དབང་གིས་ས་གནས་དེ་གའི་རྩྭ་ཐང་དང་། གཙང་པོ། མཚོ་སོགས་སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་ནས་འབྱུང་ཡུལ་གྱི་ཆུ་རྩྭ་གསོ་འཁྱོངས་ནུས་ཞན་དུ་གྱུར་ཏེ་ཆུ་བོའི་སྨད་རྒྱུད་ལ་ཤུགས་རྐྱེན་ཐེབས་པ་རེད།

2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ9ཡི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་དོན་དྲུག་དང་བྱེ་བ་ལྔ་བཏང་བས་ས་ཁུལ་དེའི་སྐྱེ་ཁམས་ཉམས་ཞན་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་མགོ་ཚུགས། 2014ལོའི་ཟླ་དང་པོར་མ་དངུལ་གཏོང་ཚད་ཆེས་མང་ཞིང་ཚད་གཞི་དེ་བས་ཀྱང་ཆེ་བའི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞི་མུ་མཐུད་དུ་སྤེལ་འགོ་བརྩམས་པས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། 2018ལོ་ཁོ་ནར་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་ས་ནག་ཐང་བཅོས་སྐྱོང་དང་། མིས་བཟོས་ནགས་བཟོ། བྱེ་འགོག་རྩྭ་གསོ། འདམ་ར་སྲུང་སྐྱོང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་ཡོད་པ་རེད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2018ལོར་ཡོངས་བསྒྲགས་བྱས་པའི་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་གྱི་དུས་སྐབས་བར་མའི་དཔྱད་དཔོག་བྱས་འབྲས་ལས་མངོན་པ་ལྟར་ན། དུས་སྐབས་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་འབྲས་དང་བསྡུར་ན། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆའི་གྲངས2ཙམ་འཕར་ནས་ནགས་ཚལ་ཁྱབ་ཚད4.8%ནས7.43%བར་འཕར་བ་དང་ཆུ་ཁོངས་བཟུང་ཚད་4.89%ནས་5.7%བར་འཕར་ཡོད། 2005ལོ་ནས2012ལོ་བར་གྱི་ཆུ་འདྲེན་ཚུལ་དང་བསྡུར་ན། ས་ཁུལ་དེས་ཉེ་བའི་ལོ་ཤས་རིང་ལོ་རེར་ཆ་སྙོམས་ཀྱིས་ཆུ་བོའི་སྨད་རྒྱུད་ལ་ཆུ་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ང་དགུ་དང་བྱེ་བ་དྲུག་ས་ཡ་བདུན་ལྷག་ཙམ་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་གཙང་གསུམ་འབྱུང་ཡུལ་གྱིས་སྒོར་དུང་ཕྱུར9ཡན་གྱི་དུས་སྐབས་གཉིས་པའི་ལས་གཞིའི་མ་འཇོག་དང་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོ་དང་གཉིས་པའི་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར240གཏོང་རྩིས་ཡོད་པ་རེད།

འདས་པའི་ལོ་གཅིག་ནང་། མཚོ་སྔོན་ཞིང་ཆེན་གྱིས་གཙོ་བོ་ས་ནག་ཐང་བཅོས་སྐྱོང་དང་མིས་བཟོས་ནགས་སྐྲུན། བྱེ་འགོག་རྩྭ་གསོ། བརླན་ས་སྲུང་སྐྱོབ། རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ནགས་ཤིང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གསོ་སྦྱོང་དང་དྲིལ་སྒྲོག་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས《མཚོ་ལྷོ་ཁུལ་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གསུམ་པའི་བཟོ་སྐྲུན་གྱི་དུས་མགོའི་རྟོག་ཞིབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ》བཟོ་སྒྲིག་བྱས་ཏེ། ཐང་ཆེན་གསུམ་དང་ལུང་བ་བཅུ། རྨ་ཆུའི་བཞུར་རྒྱུན། མཚོ་སྔོན་པའི་མཐའ་བསྐོར་ས་ཁོངས། ཁུལ་གྱི་ལྷོད་རྒྱུད་ས་ཁུལ་བཅས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བསམ་ཕྱོགས་བཏོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དང་རྫོང་དམངས་ཆེན་དང་སྲིད་གྲོས་ཀྱིས་རྒྱུན་ཆད་མེད་པར་རྟོག་ཞིབ་བྱེད་ཤུགས་རྒྱ་བསྐྱེད་པ་དང་། ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་པ་དང་། དུས་ཐོག་ཏུ་གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཁག་བགོས་བྱས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོས་དམིགས་འབེན་འགན་འཁྲི་ཡི་གེ་དང་སྤྱོད་གཙང་འགན་འཁྲིའི་ཡི་གེ་བཀོད་པ་དང་། ཁུལ་སྲིད་གཞུང་གིས་སྣེ་ཁྲིད་དེ་ཁུལ་ཡོངས་ཀྱི་རྫོང་རིམ་པ་གཞོན་པའི་ཡན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་དོ་དམ་ཆེད་མཁས་པ་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་གཞི་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ལས་ཡུལ་དངོས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་པ་དང་།  བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཐོན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་དུས་ཐོག་ཏུ་ཐག་བཅད་དེ། བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་དང་མྱུར་ཚད་ཁག་ཐེག་བྱས།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལས་གཞི་ལག་བསྟར་གྱི་སྣེ་ཁྲིད་སྡེ་ཁག་ཞིག་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས2018ལོའི་ལོ་འཁོར་གྱི་ས་ངོས་ལྟ་ཞིབ་ཚད་ལེན་དང་རྒྱང་ཚོར་ལྟ་ཞིབ་ཚད་ལེན། གཞི་གྲངས་མཛོད་དོ་དམ་དང་ཕྱོགས་བསྡུས་དབྱེ་ཞིབ། དེ་མིན་གཞི་གྲངས་ཀྱི་སྤུས་ཚད་ཞིབ་བཤེར་དང་གཞི་གྲངས་ལེགས་སྒྲིག ཕྱོགས་བསྡུས་དབྱེ་ཞིབ། ས་རྒྱུ་ཟད་པར་ལྟ་ཞིབ་ཚད་ལེན། ཕྱུགས་རྩྭའི་སྐྱེས་ཚུལ། མཚེའུ་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་ནན་ཏན་སྒོས་སྤེལ། གཙང་གསུམ་འབྱུང་ཡུལ་གྱི་ཚན་རྩལ་ཞིབ་འཇུག་ལས་གཞི་ལག་བསྟར་སྡེ་ཁག་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ལས་གཞི་ལག་བསྟར་གྱི་དགོས་མཁོ་ལྟར། ཚན་རིག་དང་ལུགས་མཐུན་སྒོས་ལས་གཞི་ཐོ་འགོད་སྙན་སེང་ཞུས་པར་མ་ཟད་རྩ་འཛུགས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་དང་དཔེ་སྟོན་བྱེད་ཐབས་འདོན་སྤྲོད་བྱས་པ་དང་།  གཞན་ད་དུང《གཙང་གསུམ་འབྱུང་ཡུལ་གྱི་བོད་ལུག་གི་གཟན་རྩྭ་ཇེ་བཟང་དུ་གཏོང་བའི་གནད་འགག་ལག་རྩལ་ཕྱོགས་བསྡུས་དཔེ་སྟོན》སོགས་གྲོས་གཞི་ལྔ་ལ་འགན་ལེན་བྱས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།