ལོ་ངོ་སྟོང་ཕྲག་དུ་མའི་རིང་རྒྱུན་མཐུད་བྱས་པའི་འབྲོག་པའི་ཕྱུགས་ལས་ཀྱི་རྩྭ་ས་མགྱོགས་མྱུར་ངང་ཇེ་ཞན་དུ་འགྲོ་བཞིན་པའི་སྐབས་སུ། མི་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད་རྒྱུ་ནི་སྔོན་ཞིག་ནས་མཚོ་སྔོན་ལྷོ་རྒྱུད་དུ་འཚོ་བ་རོལ་བཞིན་པའི་འབྲོག་པ་མང་ཚོགས་ཀྱི་ཐར་ལམ་ཉག་གཅིག་ཏུ་གྱུར་ཡོད།
ད་ལྟ། ཚོང་རར་རྐང་བཙུགས་ནས། བཅོས་བསྒྱུར་གྱི་རླུང་བུ་རྩྭ་ཐང་གི་ཡུལ་གྲུ་སོ་སོར་ལྡང་དུ་བཅུག་སྟེ་རྩྭ་ཐང་གི་སྐྱེ་ཁམས་མུ་མཐུད་དུ་ལེགས་སྒྱུར་བྱེད་པ་དང་། ཕྱུགས་ལས་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་བཏང་ཚེ། ད་གཟོད་འབྲོག་པ་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་གོམ་སྟབས་སྔར་ལས་བརྟན་བརླིང་ཡིན་པ་དང་། ཞིང་ཆེན་ཏང་ཨུའི“བཞི་ཅན་ལྔའི་ཐབས་ཇུས”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ད་གཟོད་བརྟན་པོར་ཡུན་རིང་དུ་ལག་བསྟར་བྱེད་ཐུབ།
རྩེ་ཆུ་འགྲམ་དུ། འབྲས་བཟང་གི་དུས་ཚིགས་ནི་ནམ་ཡང་དགུན་གཞུང་གི་སྐབས་དང་ཁེལ་ཡོད་ལ། དེས་གྲང་ལྷགས་འུར་འུར་དུ་ལྡང་བའི་མཐོ་སྒང་ལ་དྲོད་ཁོལ་དང་བདེ་སྐྱིད་ཀྱི་ཁ་དོག་ཅིག་བསྣན་ཡོད། 2018ལོའི་ཟླ12པའི་ཚེས25ཉིན་གྱི་ཉིན་གུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ནམ་རྒྱུན་བྲེལ་ཟིང་གིས་ཁེངས་འདུག སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ར་སྐོར་ཆེན་པོའི་སྒོ་ཁ་རུ། རླངས་འཁོར་ཆུང་བ་བཅུ་ལྷག་སྟར་ཕྲེང་བསྒྲིགས་པ་དང་གོ་རིམ་ཡོད་པའི་ངང་ལམ་འགྲམ་དུ་བཞག་ཡོད་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་དུ་སླེབས་པ་ན། ནང་དུ་སྡེ་བའི་ལོ་འཁོར་རེའི“ཁེ་སྤོགས་བགོ་བའི་ཚོགས་ཆེན”ལ་གྲོས་བསྡུར་དང་གྲ་སྒྲིག་བྱེད་པའི་སྡེ་དམངས་འཐུས་ཚབ་ཀྱིས་ཡོངས་སུ་བཀང་འདུག ཁོ་ཚོ་མི་རེ་རེའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས་ཤིང་། ཕན་ཚུན་བར་གད་མོ་སློང་བའི་ཁ་བརྡའི་ཁྲོད་འབྲས་བཟང་སྨིན་པའི་དགའ་སྣང་གིས་ཁེངས་འདུག
འདིར་མ་གླེང་ཐབས་མེད་དུ་གྱུར་པ་ནི། དུང་དཀར་སྡེ་བར་རྩྭ་ས་ཉུང་ཞིང་མི་མང་ནའང་། ཁོ་ཚོ་ཕྱུག་བསྒྱུར་གྱི་ལམ་བུའི་སྟེང་བསྐྱོད་པ་སྔར་ལས་མགྱོགས། མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་བཟོད་པས་མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྐྱོན་བྲལ་འཕེལ་རྒྱས་ལ་རག་ལས་པ་རེད། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ནུབ་སྒོ་བརྒྱུད་དེ་སོང་བ་ན། དེའི་མདུན་ཕྱོགས་ནི་མཉམ་ལས་ཁང་གི་ར་སྐོར་རེད། ར་སྐོར་གྱི་ཕྱོགས་བཞི་རུ་གཞུང་ལས་ཁང་དང་ཕྱུགས་ར། རྩྭ་གསོག་ཉར་བྱེད་སའི་རྩྭ་ཁང་གཅིག་འཕྲོར་གཅིག་ཏུ་མཐུད་ཡོད་ལ། ཕྱུགས་རའི་ཕྱི་རོལ་གྱི་རིབ་མ་ནང་དུ། འབྲི་མོས་སོས་དལ་བག་ཕེབས་ངང་སྐྱུག་ལྡད་བྱེད་བཞིན་ཡོད་ལ། བཙས་མ་ཐག་པའི་བེའུ་གནམ་ལྡིང་ས་ལྡིང་བྱེད་བཞིན་འདུག ཕྱུགས་གསོ་མཁན་དུ་གྱུར་པའི་འབྲོག་མོ་རྣམས་སྒོའི་ཕྱི་ནང་དུ་ཡར་འགྲོ་མར་འོང་བྱས་ཏེ། ར་བའི་ནང་གི་འབྲི་མོ་དག་ལ་གཟན་ཆས་སྟེར་བར་བྲེལ་བཞིན་འདུག
དགུན་གཞུང་དུ་བཙས་པའི་བེའུ་ཆུང་ཆུང་དག་གླེང་བ་ན། མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་བཟོད་པས་སྨིན་མའི་མཐའ་སྣེ་ཅུང་ཙམ་ཡར་འཁྱོགས་ཤིང་། མིག་ཟུང་ཆེན་པོ་དེ་ཟིམ་ཟིམ་འཛུམ་བཞིན་སྤོབས་པ་དང་བཅས་དེའི་ནང་གི་མི་མངོན་པའི་གསང་བ་བཤད་བྱུང་སྟེ། “མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དག་ལ་ཡོངས་སུ་བལྟས་ན། དགུན་གཞུང་དུ་བེའུ་འདི་འདྲ་མང་པོ་ཞིག་བཙས་པའི་ཕྱུགས་ལས་མཉམ་ལས་ཁང་ནི་ང་ཚོ་དུང་དཀར་མ་གཏོགས་གཅིག་ཀྱང་མེད་ལ། ད་ལོར་ཟླ་འདིའི་ཟླ་མགོ་ནས་བཟུང་དེ་རིང་གི་བར་དུ་བེའུ40ལྷག་བཙས་བྱུང”ཟེར།
2014ལོར་མཉམ་ལས་ཁང་རྒྱུན་ལྡན་གྱི་ལམ་བུར་ཞུགས་པ་ནས་བཟུང་། ལོ་རེའི་ཟླ12པ་ནི་དུང་དཀར་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འབྲི་མོས་བེའུ་བཙས་པ་ཆེས་མང་པོའི་དུས་སྐབས་ཡིན་ལ། དེས་འབྲོག་པ་རྣམས་ཀྱི་སྔོན་ཆད་ཀྱི་ཉམས་མྱོང་སྟེ“དཔྱིད་དགུན་དུ་བེའུ་བཙས་པ”རྩ་བ་ནས“དགུན་དུས་སུ་བེའུ་བཙས་པ”རུ་བསྒྱུར། བཟོད་པས་བལྟས་ན། དེ་ནི་རྩ་ས་རེས་སྐོར་ལས་བྱུང་བའི་ལེགས་སྐྱེས་རེད་འདོད།
དུང་དཀར་དུ། “རྩྭ་ས་རེས་སྐོར”གྱི་ཆོས་ཉིད་ནི་སྔར་ལས་ཀྱང་གསལ་པོར་གྱུར་ཡོད། ལོ་རེའི་ལོ་ཕྱེད་ནང་། མཉམ་ལས་ཁང་གི་འབྲི་གཡག1580སྡེ་བའི་རྩྭ་ས་སྤྱི་ཆིང2670སྟེང་གང་སར་ཐར་ཐོར་དུ་བཏང་སྟེ་རྩྭ་ཟ་རུ་འཇུག་པ་དང་། ཕྱུགས་རྫི་རྗེས་སུ་དེད་དེ་ལྟ་སྐྱོང་བྱེད་བཞིན་ཡོད། ལྷག་མའི་ལོ་ཕྱེད་ལ“རིན་མེད་ཀྱི་གུང་ཟས”ཏེ་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་གཟན་ཆས་ཀྱིས་མཉམ་ལས་ཁང་གི་ཕྱུགས་ར་རུ་གསོ་བཞིན་ཡོད། ལོ་ངོ་དུ་མ་བརྒྱུད་རྗེས། སྤྱིལ་གསོ་ཕྱེད་མའི་མ་དཔེས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་དུང་དཀར་གྱི་རྒྱ་ཆེ་བའི་རྩྭ་ཐང་སྟེང་གསལ་པོར་མངོན་ཏེ། འབྲོག་པ་རྣམས་ཀྱི་སྒོར་ཁུག་ཏུ་སྒོར་མོ་ཡོད་པར་གྱུར་ཅིང་། རྩྭ་སའི་སྐྱེ་ཁམས་ཉམས་གསོ་བྱས་པའང་མངོན་གསལ་ཡིན། བཟོད་པས་བཤད་རྒྱུར། 2014ལོར་ཐེངས་དང་པོར་ཁེ་སྤོགས་བགོས་ཤིང་། ཁེ་སྤོགས་སུ་བགོས་པའི་སྒོར་མོ་འབུམ་བཞི་ནས་ད་ལོའི་སྒོར་འབུམ་བདུན་དང་ཁྲི་བཞིའི་བར་དུ་བསྟུད་མར་ཡར་འཕར་ལ། དེ་ལས་ཀྱང་གཙོ་བོ་ནི། རྩྭ་ཐང་སྟེང་ཆེ་ཆུང་ཅི་རིགས་ཀྱི་སྡོང་ཕྲུག་དང་ཆུ་ཕྲན་ག་ས་གང་དུ་མཐོང་ཐུབ་པ་དང་། རྩྭ་སྐྱེས་པའང་སྔར་ལས་བཟང་། ཕྱིར་འདང་ཞིག་བརྒྱབ་ན། ཁོས་ཧ་ལམ་ལོ30རིང་ལ་རྩྭ་སར་འདི་ལྟ་བུའི་སྐྱེས་སྟོབས་ཀྱི་དཔལ་འབར་བ་ཞིག་མཐོང་མ་མྱོང་།
སྔོན་ཆད་སྡེ་བའི་རྩྭ་སའི་རྒྱ་ཁྱོན་ལ་དོན་དམ་པར་ག་ཙམ་ཡོད་པའི་གྲངས་ཀ་གསལ་པོ་ཞིག་སུ་ཡིས་ཀྱང་བཤད་དཀའ་མོད། ཡིན་ཡང་བཟོད་པའི་སེམས་སུ་གསལ་པོར་དྲན་པ་ནི། སྐབས་དེ་ནི་ནོར་ལུག་གི་གྲངས་ཀ་ལ་བརྟེན་ནས་དཔལ་འབྱོར་གྱི་སྟོབས་ཤུགས་གླེང་བའི་དུས་སྐབས་ཤིག་རེད། ནོར་ལུག་ནི་སྐར་ཚོགས་སར་བཀྲམ་པ་ལྟར་མང་མོད། སོར་ཆུད་སྐྱེ་འཕེལ་བྱེད་མི་ཐུབ་པའི་རྩྭ་སས་ཁུར་པོ་ལྗིད་མོ་ཐེག་ཐུབ་ཀྱིན་མེད། ལོ་ངོ10ཡི་ཡར་སྔོན་དུ། ཉིན་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་ཕྱུགས་རྩྭ་དང་ཕྱུགས་ཟོག་གི་གསོན་ཚད་ཇེ་དམའ་རུ་འགྲོ་བཞིན་པ་མཐོང་འཕྲལ་འབྲོག་པ་རྣམས་ཀྱིས་ད་གཟོད་བསམ་གཞིག་གཏོང་མགོ་བརྩམས།
དུང་དཀར་གྱི་ད་ལྟའི་ཐད་ལ། བཟོད་པས་བལྟས་ན། 2012ལོ་ནས2014ལོའི་བར་གྱི་ལོ་ངོ3ནི་དཀྱོགས་མཚམས་ཀྱི་དོན་སྙིང་ལྡན་པའི་ལོ3ཡིན་ཏེ། 2012ལོར་མཉམ་ལས་ཁང་བཙུགས་ཤིང་། ཕྱུགས་ཟོག་མཉམ་ལས་ཁང་དུ་བཅུག་པ་དང་། གཞི་ཁྱོན་ཆེན་པོའི་སྒོ་ནས་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་དུ་བཏང་ཞིང་། རྩྭ་ས་བཅིངས་འགྲོལ་དུ་བཏང་། 2013ལོར། སྡེ་བ་ཡོངས་རྫོང་མཁར་གྱི་ཤར་མཐའ་རུ་གཏན་སྡོད་བྱེད་པ་མངོན་འགྱུར་བྱུང་། 2014ལོར། མཉམ་ལས་ཁང་ལ་ཐེངས་དང་པོར་ཁེ་སྤོགས་བགོས་ཤིང་། སྒོར་འབུམ་བཞི་ཡི་ཡོང་སྒོ་འབྲོག་པ་མང་ཚོགས་ཀྱི་ལག་ཏུ་བགོས། “སྡེ་བའི་ནང་དུ་རླངས་འཁོར50ལྷག་ཡོད་ལ། ཁྱིམ་མཚེས་གང་མང་ཞིག་གིས་ཚོང་ལས་གཉེར་བཞིན་ཡོད། རྫོང་མཁར་དང་དེའི་ཐག་ཉེ་ས་ཙམ་དུའང་ཚོང་ཁང་བཅུ་ཕྲག་འགའ་ཡོད། མཉམ་ལས་ཁང་སྒྲུབ་པའང་འདི་འདྲ་བཟང་། ང་ཚོའི་དབུལ་ཕོངས་སྡེ་བ་འདིར་དངོས་གནས་སྤྲོ་ཉམས་རྒྱས་བྱུང”ཞེས་བཟོད་པས་དེ་ལྟར་བཤད། དུང་དཀར་གྱི་འགྱུར་ལྡོག་ནི་མ་རྐང་ལམ་ལུགས་ཀྱི་བསྒྱུར་བཀོད་དང་ལེགས་བསྡུས་ཞིབ་གཉེར་ཅན། ཚོང་ར་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཁ་འབྲལ་ཐབས་མེད་པ་དང་། རང་བྱུང་ཁམས་ཆེན་མོར་བཀུར་སྟི་བྱས་པ་དང་ཡང་ལྷག་ཏུ་ཁ་འབྲལ་ཐབས་མེད་དོ། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།