འཛམ་གླིང་གི་ཁོར་ཡུག་ཉིན་མོ།
2019.06.03 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 54

 དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་ནས་བདུན་ཅུའི་རིང་ལ་རྒྱལ་ཁབ་སོ་སོས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ་ཏེ། ཁོར་ཡུག་གི་གནད་དོན་ནི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་བཞག་ཡོད།   ཁོར་ཡུག་གི་གནད་དོན་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་བྱ་བ་དེ་རིམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་ལམ་དུ་བཤམས་པ་རེད། 1972ལོའི་ཟླ6པའི་ཚེས5ནས་ཚེས6གི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་ཐོག་ཁོར་མོ་ནས་མིའི་རིགས་ཀྱི་ཁོར་ཡུག་ཐད་ཀྱི་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ113ནས་སླེབས་པའི་སྲིད་གཞུང་གི་འཐུས་མི་དང་དམངས་ཁྲོད་ཀྱི་མི་སྣས་འཛམ་གླིང་གི་དེང་རབས་ཁོར་ཡུག་གི་གནད་དོན་དང་འཛམ་གླིང་ཧྲིལ་བོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ལ་དཔྱད་བསྡུར་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་མིའི་རིགས་ཀྱི་ཁོར་ཡུག་རྒྱུན་འཁྱོངས་དང་ཇེ་ལེགས་སུ་གཏོང་བར་སྐུལ་མ་གཏོང་བ་དང་མཛུབ་སྟོན་བྱེད་པའི་ཆེད་དུ《མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་ཁོར་ཡུག་ཚོགས་འདུ་བསྒྲགས་ཡིག 》དང་།  གྲོས་གཞི་ཨང109པ་འདུས་པའི་འཛམ་གླིང་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་བསྟར་འཆར་གཞི་གཏན་འབེབས་བྱས། དེར་ཐུན་མོང་གི་ལྟ་ཚུལ7དང་རྩ་དོན26བཏོན། ཐེངས་དེའི་ཚོགས་མགོ་བཟུང་བའི་ཉིན་དང་པོ་དེ་འཛམ་གླིང་གི་ཁོར་ཡུག་ཉིན་མོ་རུ་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་རུ་བཀོད། གྲོས་གཞི་དེ་1972ལོའི་ཟླ10པར་སྐབས27པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ6པའི་ཚེས5ལ་འཛམ་གླིང་ཁོར་ཡུག་ཉིན་མོ་རུ་གཏན་ཁེལ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་དེའི་འཛམ་གླིང་གི་ཁོར་ཡུག་ཐད་ཀྱི་གནད་དོན་གཙོ་ཤོས་དང་གླེང་གཞིར་གྱུར་པའི་ཁོར་ཡུག་གཞི་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་ལོ་རེའི་འཛམ་གླིང་གི་ཁོར་ཡུག་ཉིན་མོའི་བརྗོད་བྱ་གཏན་ཁེལ་བྱེད་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྩ་འཛུགས་དང་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ལོ་རེའི་ཉིན་དེར་བྱ་འགུལ་སྣ་ཚོགས་སྤེལ་ནས་མིའི་རིགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་དང་བཅོས་སྒྱུར་བྱེད་དགོས་པའི་གལ་ཆེན་རང་བཞིན་ཁྱབ་བསྒྲགས་བྱེད་པ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས《ད་ཡོད་ཁོར་ཡུག་གནས་ཚུལ་གྱི་སྙན་ཞུ་ཡིག་ཆ 》གསལ་བསྒྲགས་བྱས།

རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན།

ཁོར་ཡུག་འབག་བཙོག་གི་འཇིགས་སྣང་འོག་རྒྱལ་ཚོགས་ཀྱི་འཛམ་གླིང་ཁོར་ཡུག་དང་འཕེལ་རྒྱས་ལྷན་ཚོགས་དེ1983ལོར་གསར་འཛུགས་བྱས་ཤིང་། རིམ་བཞིན་ཁྱབ་ཁོངས་རྒྱལ་ཁབ་ཁག་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁོར་ཡུག་སྲུང་སྐྱོང་གི་ཚོགས་པ་དུ་མ་གསར་འཛུགས་དང་ཆབས་ཅིག ད་ལྟ་དང་མ་འོངས་པའི་མི་རབས་སོགས་ཀྱི་སླད་ཁོར་ཡུག་སྲུང་སྐྱོང་དགོས་པའི་ཚོགས་འདུ་བསྡུ་སྐོང་དང་གྲོས་ཆོད་གང་མང་བཞག་སྟེ་ལས་དོན་བྱས་དང་བྱེད་བཞིན་ཡོད་པ་དང་། དེ་ཡང་མ་འོངས་པའི་ཁོར་ཡུག་གི་ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་དང་། དཔེར་ན། རི་སྐྱེས་སྲོག་ཆགས་དང་། རྩི་ཤིང་སྨན་རྩྭ། གཏེར་ཁ་ཐོན་ཁུངས་སོགས་ལ་གྲོན་ཆུང་བསྲི་ཚགས་དང་གཅེས་སྤྲས་སོགས་གོ་རིམ་ལྡན་པས་བདག་གཅེས་ལེགས་པོ་བྱས་ཏེ་འཛམ་གླིང་ནང་ཞི་བདེ་འཆམ་མཐུན་དང་བདེ་སྐྱིད་ཀྱི་དཔལ་ཡོན་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དང་། གལ་སྲིད་འཛམ་གླིང་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་དར་རྒུད་འགྱུར་བ་ག་འདྲ་ཕྱིན་རུང་ཁོར་ཡུག་ཐོག་ལ་དོ་སྣང་དང་། སེམས་ཁུར། འགན་ལེན་སོགས་སྔར་ལས་ལྷག་པ་བྱེད་དགོས་པའི་རེ་འདུན་བཏོན་པ་དང་། དེ་ཡང་ལོ་རེར་6ཚེས5ཉིན་ས་གནས་གང་སར་འཛམ་གླིང་ཁོར་ཡུག་གི་ཉིན་མོར་བརྩི་སྲུང་གང་ལེགས་བྱེད་བཞིན་ཡོད་པ་རེད།

ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།

མིའི་རིགས་ནི་ཁོར་ཡུག་གི་ཐོན་རྫས་ཡིན། འཇིག་རྟེན་ཁམས་མེད་པ་དང་འཚོ་རྟེན་གྱི་རང་བྱུང་ཁོར་ཡུག་དེ་མེད་ན་མིའི་རིགས་འཚོ་མི་ཐུབ་པས་མིས་རང་བྱུང་ཁོར་ཡུག་བཀོལ་སྤྱོད་དང་སྒྱུར་བཀོད་བྱེད་བཞིན་ཡོད། འོན་ཀྱང་མིའི་རིགས་ཀྱིས་དཔལ་འབྱོར་བྱེད་སྒོ་དང་རང་བྱུང་སྒྱུར་བཀོད་ཀྱི་བྱེད་སྒོའི་ནང་ངེས་པར་དུ་དབྱེ་མཚམས་གཉིས་ལས་བརྒལ་མི་རུང་སྟེ། དང་པོ། རང་བྱུང་ཁམས་ནས་བཏོན་པའི་ཐོན་ཁུངས་དེ་རང་བྱུང་ཁམས་ཀྱི་ཡང་བསྐྱར་སྐྱེ་འཕེལ་ནུས་པ་ལས་བརྒལ་མི་རུང་བ་དང་། གཉིས་པ། ཁོར་ཡུག་གི་སྦགས་བཙོག་དེ་ཁོར་ཡུག་བཙོག་སེལ་གྱི་ཚད་ལས་བརྒལ་མི་རུང་། མིའི་རིགས་ཀྱི་བྱེད་སྒོ་ལས་ཁོར་ཡུག་ལ་བཟོས་པའི་གནོད་འཚེའི་མཇུག་འབྲས་མི་འདྲ་སྟེ། སྤྱིར་བཏང་དུ་ཁོར་ཡུག་སྦགས་བཙོག་དང་ཁོར་ཡུག་གཏོར་བརླག་གཉིས་སུ་དབྱེ་ཡོད། ཉེ་བའི་ལོ་འགའི་ནང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཁོར་ཡུག་གི་འགལ་ཟླ་ཡང་མངོན་གསལ་དོད་དུ་ཕྱིན་ཏེ་མིའི་རིགས་འཚོ་སྡོད་བྱེད་སའི་ཁམས་འདིར་འཇིགས་སྐུལ་དྲག་པོ་བཟོ་བཞིན་ཡོད་པ་སྟེ། དཔེར་ན། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་རྐྱེན་གྱིས་ཆུ་ལོག་རྒྱུག་པ་དང་རི་ཉིལ་བ། གནམ་གཤིས་དྲོ་གྲང་མི་སྙོམས་པར་འགྱུར་བ་སོགས་ཀྱི་ཉེན་ཁ་ཐོན་སྲིད་ལ་གལ་སྲིད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་མི་བྱེད་པར་གཏོར་བརླག་གཏོང་གང་ཐུབ་བྱེད་ཚེ་ཕྱིས་སུ་ང་ཚོའི་བུ་རབས་ཚ་རྒྱུད་ཚོར་བཀོལ་སྤྱོད་བྱེད་པའི་ཐོན་ཁུངས་ཀྱང་ཤིན་ཏུ་དཀོན་པར་འགྱུར་རྒྱུ་ནི་ཐེ་ཚོམ་མེད།

འབག་གཙོག་གིས་བརླན་པའི་ས་ཆུ་རླུང་གསུམ་དང་། རྫས་རིགས་ཀྱི་རྡུལ་ལས་བྱུང་བའི་རྫས་སྦྱོར། ནགས་ཤིང་དག་ལ་ཆུ་མི་འདང་བ། ཟས་ཀྱི་རྒྱུན་འཁོར་འཁྲུགས་པ། སྐྱེ་དངོས་ཀྱི་རིགས་སྟོང་ཕྲག་མང་པོ་ལོ་རེ་བཞིན་རྫོགས་འགྲོ་བ་རེད། ད་ལྟའི་ཆར་མིའི་བསམ་བློའི་ནུས་སྟོབས་གོང་འཕེལ་དུ་ཕྱིན་ཏེ་གོ་ལའི་ཁོར་ཡུག་ལ་སེམས་འཁུར་མི་བྱེད་ཐབས་མེད་དང་དེ་ལྟ་བུའི་ཆགས་འཇིག་ནི་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་དེ་དག་ནི་རང་ཅག་མི་བུ་རྣམས་ཀྱིས་བསྐྲུན་པ་ཞིག་ཡིན་པས་དེ་ལ་གདོང་ལེན་བྱ་རྒྱུ་དེ་རེད།

དེ་ལྟ་བུའི་གནས་སྟངས་སུ་གྱར་བའི་རྒྱུ་རྐྱེན་གྱི་གཙོ་བོ་ངོས་འཛིན་པ།

སྔོན་དུས་སུ་ལྗང་མདོག་གི་རྒྱན་ལ་ཁ་རླུང་གཙང་ཞིང་། རང་བྱུང་ཁམས་ཀྱི་རྒྱུན་འཁོར་མི་འཁྲུགས་ལ་ཕྱོགས་གང་ཞིག་ཏུ་བལྟས་ཀྱང་ཡིད་ལ་སིམ་པ་སྟེར་བའི་ཡིད་དུ་འོང་བའི་ཁོར་ཡུག་སྟེ།  ད་ལྟའི་ཆར་དེ་ལྟ་བུ་ཞིག་ཏུ་གྱར་བ་ནི་ང་ཚོའི་འདོད་སེམས་ལས་བསྐྲུན་པ་ཞིག་རེད། དེའང་མིའི་འདོད་སེམས་ཀྱི་རླབས་རྒྱུན་ཉིན་རེ་བཞིན་དགུང་དུ་འཔྱུར་བའི་ཚེ།  རང་གི་དགོས་མཁོ་ཐ་དག་ཡོངས་སུ་འཐོབ་ཆེད་རང་བྱུང་གི་ཐོན་ཁུངས་ཡོད་ཚད་བེད་སྤྱོད་བྱེད་རྒྱུ་ཤིན་ཏུ་མང་དྲག་པས། ད་ལྟ་འདང་ངེས་ཞིག་མེད་རྐྱེན་གོང་སྨོས་ཀྱི་གནོད་འཚབ་ཆེ་བའི་ཆགས་འཇིག་དག་བྱུང་བཞིན་པ་རེད།

དཔེར་ན། ས་བཅུད་ཉམས་པས་ས་བསྙིལ་བ་དང། ས་ཡོམ་བྱུང་བ། དེ་བཞིན་རྩི་ཤིང་དང་སྐྱེ་དངོས་རིགས་མི་སྐྱེ་བ། རྫས་རིགས་འདྲེས་སྦྱོར་གྱི་དུ་བ་ལས་རྫས་རིགས་ཀྱི་ཆར་པ་དང་ཁ་རླུང་ཇེ་གཙོག་ཏུ་གྱུར་བས་སྲོག་རླུང་མ་འདང་བའི་དཀའ་ངལ་བྱུང་བ། བཟོ་གྲྭ་སོགས་ལས་རྫས་རིགས་རྣམས་རྒྱ་མཚོའི་ནང་བསྐྱུར་བས་ཆུ་ཤིན་ཏུ་འབག་གཙོག་ཏུ་གྱུར་ཏེ་ཆུའི་ནང་གི་སྐྱེ་དངོས་ཀྱི་རིགས་སྟོང་ཕྲག་མང་པོ་རྩ་མེད་དུ་འགྲོ་བ། དེ་བཞིན་སེམས་ཅན་ཤིན་ཏུ་མང་པོ་གསོད་པ་ལས་ཟས་ཀྱི་རྒྱུན་འཁོར་འཁྲུགས་པ་སོགས་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གནོད་པའི་ལས་སྣ་ཤིན་ཏུ་མང་པོ་ཞིག་བརྩམས་བཞིན་པ་རེད།  གནོད་འཚབ་ཆེ་བའི་ལས་བྱ་དེ་དག་ནི་ང་ཚོས་བསྐྲུན་པ་ཞིག་ཡིན་པས། རང་ཉིད་ཀྱི་བདེ་སྐྱིད་དང་རང་ཉིད་ཀྱི་ཁེ་ཕན། རང་ཉིད་ཀྱི་ཁྱིམ་ཚང་དང་རང་ཉིད་ཀྱི་རྒྱལ་ཁབ་འཚོ་འདོད་ན་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བེད་སྤྱད་དེ་ང་ཚོའི་ཕ་མེས་ཡབ་མེས་དག་གིས་བཞག་པའི་ཁྱིམ་གཞིས་ཆེན་པོ་དེ་སྔོན་དུས་ཇི་ལྟར་ཡོད་པ་དེ་བཞིན་སླར་གསོ་ཐུབ་པ་ཞིག་ཡོང་ཐབས་བྲལ་ མོད་། འོན་ཀྱང་དེང་ནས་བཟུང་སྟེ་གང་ཐུབ་ཀྱིས་བསྐྱར་གསོ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ འགན་འཁྲི་ཡིན་ལ་ང་ཚོས་བསྒྲུབ་འོས་པའི་ལས་དོན་ཞིག་ཀྱང་ཡིན།།

དེ་ལྟར་ན། ང་ཚོས་ཐབས་ཤེས་ཇི་ལྟ་བུ་ཞིག་བེད་སྤྱད་དེ་སྔོན་དུས་ཀྱི་ཡབ་མེས་ཚོའི་དུས་ཀྱི་ཁོར་ཡུག་དེ་ཇི་ལྟར་གསར་འཛུགས་བྱེད་དགོས་སམ། སྤྱིར་ལོ་རབས་ནས་ལོ་རབས་དང་དུས་རབས་ནས་དུས་རབས་བསྟུད་དེ་ཉམས་རྒུད་དུ་འགྲོ་བཞིན་པའི་རང་བྱུང་ཁམས་ཀྱི་ཡིད་དུ་འོང་བའི་ཁོར་ཡུག་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་བསྐྱར་གསོ་ཐུབ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མིན་མོད། འོན་ཀྱང་། ནམ་ཞིག་གོ་ལའི་མི་བུ་དག་གི་སེམས་ནང་ཁོར་ཡུག་བྱ་བའི་ནང་དོན་ཡོངས་སུ་རྟོགས་ཏེ་འདི་ཉིད་ཀྱི་རིན་ཐང་རྟོགས་པ་དང་། ཆགས་འཇིག་གི་དུས་དབང་ཁྲོད་ནས་གོ་ལའི་ཁོར་ཡུག་གི་གནས་སྟངས་ལ་བསམ་གཞིག་བྱ་ཐུབ་ཚེ། ད་གཟོད་འཆི་ལ་ཁད་ཀྱི་ཁོར་ཡུག་དེ་སྐྱོབ་ཐུབ་ངེས་རེད།

འཛམ་གླིང་གི་ཡང་རྩེ་ན་འཚོ་སྡོད་བྱེད་མཁན་གྱི་མི་རིགས་འདིར་མཚོན་ན་དུས་རབས་རང་བཞིན་གྱི་འགན་ཁུར་རླབས་ཆེན་ཞིག་ཡོད་པ་ནི་རི་མཐོ་ས་གཙང་གི་ཡུལ་གྲུ་འདིར་སྲུང་སྐྱོབ་བྱེད་དགོས་པ་འདི་ཡིན།

སྲང་ལམ་དང་། རི་གྲོང་། ས་ཞིང་དང་རྩྭ་ཐང་སོགས་གང་དུ་སོང་ཡང་གད་སྙིགས་མང་ཤོས་ནི་ཅི་ཞིག་གིས་བཟོ་ཡི་འདུག་གམ་ཞེས་པ་འདི་ནི་ང་ཚོས་ལས་སླ་བོས་དྲིས་ལན་འདེབས་ཐུབ་པ་ཞིག་ཡིན་ཡང་། ལས་སླ་མོས་གཙང་སྦྲ་བྱེད་ཐུབ་པ་ཞིག་ཨེ་ཡིན་ལ་བསམ་བློ་གཏོང་དགོས་པ་ཞིག་རེད།

མཁའ་དབུགས་གཙང་ཞིང་། ཆུ་དྭངས་པ། རླུང་གཙང་མར་རྒྱུ་བ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་མང་པ་སོགས་རང་བྱུང་ཁོར་ཡུག་གི་ཐུན་མིན་ཁྱད་ཆོས་ཅི་དགར་ཚང་བའི་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཆེས་གཙང་བའི་ཁོར་ཡུག་ཅིག་ཏུ་ངོས་བཟུང་ཡོད་ནའང་། གནས་འདིར་འདུས་སྡོད་དང་འཚོ་གནས་བྱེད་བཞིན་པའི་ང་ཚོས་རིན་ཐང་འདི་ལ་སྣང་འཇོག་མི་བྱེད་པར་ཁོར་ཡུག་ལ་གཏོར་བརླག་བྱེད་རུང་ངམ། གཙང་ཞིང་ཡངས་པའི་མདོ་དབུས་མཐོ་སྒང་འདི་གད་སྙིགས་ཀྱི་རི་བོ་ཞིག་ཏུ་བསྒྱུར་ཏེ་བཙོག་རླུང་བར་སྣང་ལ་ཁྱབ་ཅིང་། གཤེར་ཁུ་གཙང་བོར་འདྲེས་ནས་རྒྱ་མཚོའི་ནང་བཞུར་བཅུག་ན་མ་ཡུམ་སའི་གོ་ལ་འདིར་ཇི་འདྲའི་གནོད་སྐྱོན་ཞིག་ཐེབས་རྒྱུ་རེད་ཨང་། དེས་ན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་བདག་གཅེས་བྱེད་ན་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཆུ་མགོ་ནས་དྭངས་པར་བྱེད་པའི་ལས་དོན་གྱི་གཙོ་བོ་ཞིག་མ་རེད་དམ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།